[A:༣༧༥]བྱེད་ཀྱི་རྩ་སྔགས་གསུམ་བརྒྱ་རེ་ཐོ་རངས་ཞལ་འདོན་མཛད་ཀྱིན་ཡོད་གསུང་བ་ནི་རྡོ་རྗེ་འཇིགས་བྱེད་ཀྱིས་ཞལ་གཟིགས་རྗེས་སུ་བཟུང་བར་ཐེ་ཚོམ་མེད་དོ། །ཡང་བདག་ལ་སྐབས་ཤིག་གདན་ས་རུ་བདག་ཆེན་ལ་རྡོར་ཕྲེང་ཕུལ་སྐབས་ངེད་ཀྱི་རྨི་ལམ་དུ་མི་ཞིག་ནས་ཁྱེད་རང་འདི་ཕྱིའི་དོན་ཐམས་ཅད་དཀོན་མཆོག་ལྷུན་གྲུབ་ལ་གསོལ་བ་བཏབ་པས་འགྲུབ་པ་ཡོད། ཆོས་སྐྱོང་ཅིག་ཀྱང་རྩ་འདི་ན་ཡོད་ཟེར་བ་བྱུང༌། སྔ་སོར་ཁམས་ནས་ངོར་དུ་ཡོང་ད་ལོ་ཡང་ལམ་འབྲས་ལ་ཚོགས་ཆེན་པོ་འདུག །ད་ལོ་ཡང་ཚོགས་ཆེན་པོ་འདུག་ཟེར་ལོ་ཁ་ཤས་བསྡད་པ་ཞིག་དྲན་དེ་ལྷ་མཆོག་སེང་གེའི་སྒང་ཡིན་བསམ་བྱུང་སྟེ། དཀོན་མཆོག་ལྷུན་གྲུབ་ཀྱི་སྐབས་ཡིན་པ་འདྲ་གསུང་བྱུང་བ་ནི་བསྟན་པའི་གསལ་བྱེད་དཀོན་མཆོག་ལྷུན་གྲུབ་ཀྱི་ཐུགས་སྲས་ཀྱང་ཡིན་པར་མངོན་ནོ། །ཡང་བདག་ལ་ཐུབ་བསྟན་དགེ་འཕེལ་ཞལ་འཛིན་དགོས་པའི་གོང་ཙམ་ལ་ཚར་པ་ཆེན་པོའི་དམ་རྫས་རིལ་བུ་རྡོག་ཆེན་པོ་ལག་ཏུ་བྱུང་བ་རྨི། དེ་ཕུ་དགོན་པར་གསུང་ངག་སློབ་བཤད་བཤོད་པ་འདི་ལ་ལྟ་བ་འདྲ་གསུང་བྱུང་བ་དང༌། སྔ་སོར་གྱི་ཕྱག་མཛོད་རྙིང་པ་རྗེ་གྲུབ་ཆེན་གྱི་དབོན་རིགས་རྗེ་དྲུང་ལྕགས་ཁ་ནས་ལ་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ་ལ་སློབ་བཤད་ཉན་དུས་ངེད་ཀྱི་རྨི་ལམ་ལ་ཆུ་སྣ་ཆེ་རབ་ཅིག་དང་བསྡོངས་ནས་ཕྱིན་པས་ཆུ་སྣ་དེ་ལྷ་སར་སླེབ་སོང་བའི་མོད་ལ་ཇོ་བོ་བཞུགས་པའི་ལྷ་ཁང་ན་གྲྭ་པ་མང་པོ་གསུང་རབ་སྒྲོག་གིན་འདུག་པར་བལྟས་པས་གླེགས་བམ་གསེར་མ་འབའ་ཞིག་ལ་ཨཥྟ་ཁོ་ན་བྲིས་པ་ཞིག་སྒྲོག་པ་རྨི། དེ་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་སློབ་བཤད་ཀྱི་ཆོས་སྐོར་འདི་ཚོ་བསྟན་པའི་བདག་པོ་གདན་ས་ཡས་ཕྱིན་