[A:༣༧༦]གྱི་དྲུང་དུ་འབུལ་བའི་ལྟས་ཡིན་པ་འདྲ་གསུང་འདུག་པ་རྣམས་ནི་ཚར་པ་ཆེན་པོ་ཡབ་སྲས་ཐམས་ཅད་ཀྱི་རྗེས་སུ་བཟུང་བའི་ལྟས་སུ་མངོན་ལ། མ་འོངས་མངོན་སུམ་དུ་མཁྱེན་པའི་རྟོགས་པ་ཡང་ཚད་མེད་མངའ་སྟེ། འཕྲལ་དུ་བཀའ་ཕེབས་པ་ལ་དེ་མི་ལེགས་བསམ་གསུངས་པ་དང༌། དེ་ལེགས་བསམ་གསུངས་པ་ཐམས་ཅད་ཐིག་བསྒྲིགས་བསྒྲིགས་འབྱུང་བ་དང༌། བསམ་འགྲུབ་ཏུ་གསུང་ངག་ལམ་འབྲས་སྐབས་གཙང་ཞབས་དྲུང་གིས་ངོར་ནས་བཞེས་པའི་གོས་སྐུ་བཀྲམ་པ་ལ་ས་སྐྱའི་ཆོས་སྐྱོང་གི་འཚུབ་ཡིན་ཚུལ་གྱི་སྐད་ཆ་སྐུ་གཞོགས་སུ་འཕྲོས་བྱུང་བས་དེ་ས་སྐྱའི་འཚུབ་མིན་ངོར་ནས་དཔལ་མགོན་ཞལ་གྱིས་འཚུབ་ཡིན། སྡེ་པ་གཙང་པས་ངོར་པ་དཔོན་སློབ་ཐམས་ཅད་གོས་སྐུའི་ཚབ་འདི་ཙམ་ཐད་ཀ་ཡིན། དགོངས་པ་ཡོང་བའི་ཆ་རྐྱེན་ཞིག་མ་གནང་ན། སྔོན་རྗེ་རྡོ་རྗེ་འཆང་གིས་ངོར་གྱི་དགོན་པའི་ཆ་ཤས་ཐམས་ཅད་དཔལ་མགོན་ཞལ་ལ་གཏད་ཡོད་པས། གོས་སྐུ་ཁྱད་འཕགས་དེ་སྤྱན་འདོགས་མཛད་པ་ལ་འཚུབ་དེ་མིན་པ་ད་རུང་ཆེན་པོ་གཞན་ཡོང་གསུང་བ་དང༌། བདག་གཅིག་པུ་དྲུང་ན་ཡོད་པ་ཞིག་ལ་སྡེ་བ་གཙང་པ་ལ་རྟ་ལོ་གསུམ་གྱི་རིང་ལ་དགའ་དགའ་ལ་འགྲོ། རྟ་ལོ་བཞི་པ་ནས་མིང་མེད་ཡོང་ཟེར་བའི་ལུང་བསྟན་ཡོད་གསུངས་བྱུང་བ་དང༌། ཞིང་བརྗེ་བའི་གོང་ཙམ་ལ་སྐུ་གཞོགས་ལ་ཕྱིན་སྐབས་གཙང་པའི་ཞོར་ལྟས་ལ་རྩེ་གདོང་ཞབས་དྲུང་ཚོར་ཐུགས་བསུན་བྱུང་དོགས་བློ་རྩེ་རེ་ཡོང་གི་གསུང་བ་སོགས་མ་འོངས་པ་ན་ཐིག་བསྒྲིགས་བསྒྲིགས་བྱུང་བའི་མངོན་མཁྱེན་ཡང་མཐའ་ཡས། བདག་ལ་གཞི་བསྙེན་བྱེད་ས་བདུད་ལུང་གི་རྣམ་པར་སོང་བའི་གཉིད་དུ་སོང་མ་སོང་གི་འཚམས་ལ་སྐེ་