R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༧༨
[A:༣༧༨]སུ་ཕེབས་པས་ཆེར་མི་འདུག་པ་དང༌། ཇ་ཁང་དུ་ཕེབས་ནས་མ་ཆེན་དགེ་འདུན་ཕུན་ཚོགས་ལ་གཡམ་ལེབ་གཙང་པོ་ཚོལ་ལས་རྡོ་ཁོག་ཇ་ཕྲུ་རྣམས་ཀྱི་ཁེབས་གྱིས་གསུངས། ཟངས་ཁེབས་ལྕགས་ཁེབས་གསུམ་དང་ཆུ་སྣོད་ཟངས་ཁོར་འཐེབས་གཅིག་ཡོད་པ་རྣམས་གདོང་ཁ་གྲ་ཆེན་རྣམས་ལ་གནང་འདུག །དེ་བཞིན་དུ་ཕྱོགས་ཀྱི་དགེ་འདུན་སོ་སོའི་སྤྱིའི་ལས་ཚན་སློང་མོ་བ་མཐའ་དག་ལ་གནང་བྱིན་མགུ་ངེས་གནང་བ་དང༌། རྒྱུན་དུ་གསུང་ལས་ཀྱང༌། ང་ཁྱེར་ཁ་ཆུང་བའི་རྟེན་བཞེངས་སོགས་ནི་མི་ཐུབ་འདུག །ཆོས་དོན་དུ་གཉེར་བ་ལ་མཐུན་རྐྱེན་འདྲ་བྱས་ན་གཤིན་དཀོར་འདི་ཡང་བ་ཨེ་ཡོང་བསམ་ཡིན་གསུང་བ་བཞིན་ཆོས་དོན་གཉེར་སུ་དང་སུ་ལ་ཆོས་དགོས་པ་དེ་གནང་རིང་ཆས་ཁ་ཇ་ཐུག་འདི་ཕྱིར་ཕན་པའི་བསླབ་བྱ་དང་བཅས་པ་རེ་མཛད། མདོར་ན་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་དུ་སེམས་དཔའ་ཆེན་པོའི་བོ་དོང་ནས་ཕེབས་སྐབས་སྐད་ཆ་འདྲི་བ་གནང་བའི་ལོ་རྒྱུས། སྒམ་སྡིགས་ཆེ་ཟེར་བ་དེ་འཇིག་རྟེན་པའི་དཔོན་པོ་སོགས་ལ་མཐུན་འཇུག་ཡེ་མི་མཛད་པས་སྒམ་སྡིགས་ཆེ་བ་མ་གཏོགས། སྙོམ་ཆུང་གི་བླ་མ་ལ་ངེད་ཀྱི་བླ་མ་ཀུན་དགའ་བཟང་པོ་ལས་ཐུགས་རྗེ་ཆེ་བ་མེད་ཟེར་བའི་ལོ་རྒྱུས་དེའི་དོན་སྒྲ་ཇི་བཞིན། བདག་ཅག་གི་འདྲེན་མཆོག་དམ་པ་འདི་ལ་མངའ་བ་ཡིན་ནོ། །བཞི་པ་ཞྀང་གཞན་དུ་གཤེགས་ཚུལ་ནི། དགུང་ལོ་བདུན་ཅུ་པ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་ལོ་ཧོར་ཟླ་གཉིས་པ་ལ་བླ་བྲང་རྫོང་ནས་གྲང་མོ་ཆེར་ལྷ་ཁང་མཁར་ལས་ཀྱི་ཞལ་བཀོད་སོགས་ལ་ཕེབས་སྐབས་བླ་བྲང་རྫོང་གི་ཕྱི་སྒོ་ནས་གཟིམས་སྤྱིལ་ལ་གཟིགས་ཏེ། ཁང་པ་ཁྱོད་དུ་སྡོད་