[A:༣༧༧]བསྡམ་ཡོང་བའི་ཉམས་ཡང་ཡང་བྱུང་བ་ལ་བསྐྱེད་རིམ་དང༌། སྦྱིན་གཏོང་གི་དམིགས་པ་ཁ་རེ་བྱེད་བློ་བྱས་ཀྱང་ཕན་ཆེན་པོ་མ་ཐོགས། ལན་ཅིག་སྐེ་བསྡམས་པ་དེ་བྱུང་བ་དང༌། འདྲེན་མཆོག་འདི་ཉིད་ཡིད་ལ་དྲན་མ་ཐག་གྲོལ་ཞིང༌། དེ་ནས་བར་ཆད་ཀྱི་མཚན་མ་དེ་རང་གྲོལ་དུ་སོང་བ་དང༌། གཞན་ཡང་ཞལ་སློབ་ཀྱི་རིགས་ལ་གེགས་སེལ་བ་དང༌། ཏིང་འཛིན་མ་སྐྱེས་པ་སྐྱེད་པ། སྐྱེས་པ་བོགས་འབྱིན་པ་སོགས་གྲངས་ལས་འདས་པ་བྱུང་འདུག་ཅིང༌། མོས་གུས་དང་སྙིང་རྗེ་ཡང་ཚད་མེད་པ་མངའ་སྟེ། རྗེ་བཙུན་གོང་མ། རྡོ་རྗེ་འཆང་ངོར་པ་ཡབ་སྲས་སོགས་དང༌། རྩ་བའི་བླ་མ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྗེ་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་དབང་ཕྱུག་དཔལ་བཟང༌། སྐལ་བཟང་འགྱུར་མེད་བདེ་ཆེན། རྗེ་བསོད་ནམས་ཆོས་འཕེལ། རྩེ་གདོང་བདག་ཆེན་ཁྲི་ཆེན་མོ། རྗེ་དབང་ཕྱུག་རབ་བརྟན་སོགས་བླ་མ་སོ་སོའི་རྣམ་ཐར་ལོ་རྒྱུས་བྱུང་བ་ན་སྤྱན་ཆབ་གཡོ་བ་དང༌། མོས་གུས་ཀྱི་རྣམ་པ་དཔག་མེད་མཛད་ཅིང༌། བླ་མ་གོང་མ་རྣམས་ལ་གསོལ་བ་བཏབ་ནས་ལུང་ཞུ་མཛད་པ་རྣམས་ཀྱང་བསླུ་མེད་གདེངས་ཁེལ་ཁོ་ན་འབྱུང་ལ། སྟོན་དུས་བསོད་སྙོམས་པར་དངོས་པོ་མང་དག་གནང་ནས་སྐུ་ཆས་མི་ལས་པ་ལྟ་བུ་འབྱུང་སྟེ། སྐབས་ཤིག་གྲྭ་པ་ཚོ་ཆེན་མང་དག་སྦྲེལ་ནས་བྱུང་བ་རྫོང་བདའ་གནང་བའི་རྗེས་དེ་མ་ཐག་གདོང་ཁ་ཆོས་སྡེ་གྲ་མང་བྱུང་བ་ཕྱག་མཛོད་རྗེ་དྲུང་ལགས་ལ་གྲ་ཆེན་དེ་ལ་རྫོང་བདའ་དེས་མི་ཆོག་གསུངས་པས། རྗེ་དྲུང་ལགས་ཀྱིས་ད་རང་ནས་རྫོང་དགོས་མང་བའི་འདི་ལས་མི་འདུག་ཞུས་འདུག་པས། དམ་པ་དེ་ཉིད་རང་གིས་ཕྱག་མཛོད་ལ་གཟིགས་