[A:༣༨༡]ཞབས་དྲུང་གོང་མ་དང་མཇལ་སྐབས་འདི་ལྟ་བུའི་བཀའ་ཕེབས་གྱ་མ་དོ་གནང་གི་འདུག་ཞུས་ཀྱང་ཕེབས་གསལ་པར་བཀབ་རང་ནི་གང་ཡང་མ་བྱུང༌། དེ་ནས་ཟླ་བ་དེའི་རྟིང་མས་གའི་ཚེས་བཞི་ལྔ་ལ་ཕྱག་མཛོད་ཆོས་གྲགས་དྲུང་དེ་ལ་ད་ལོ་མཁར་ལས་དང་བྱས་ཁྱེད་ལ་དཀའ་ལས་ཡོང་གསུང་བྱུང་འདུག་ཅིང༌། ཅུང་ཟད་བསྙེན་ཚུལ་བསྟན་ནས་ཚེས་བདུན་གྱི་ཉིན་ཕྱག་མཛོད་ལ་བཀའ་ཕེབས་པར་ང་ནི་སང་ཉིན་འགྲོ་དགོས་པ་ཡོད། མགོན་པོ་ཡ་གི་སྤྱན་མ་འདྲོངས་ན་བླ་མ་གོང་མ་རྣམས་ཀྱང་དགོངས་པ་མི་རྫོགས། ང་ཡང་བློ་མི་རྫོགས་པས་དུས་གཏོར་བསུས། མགོན་པོ་སྤྱན་འདྲེན་ཐུབ་ངེས་པའི་དོ་དམ་ཁྱེད་ཀྱིས་རེམ་ལས་ཀྱིས་གསུང་བྱུང་འདུག་ཅིང༌། ཚེས་བརྒྱད་ཀྱི་གསོལ་ཚིགས་གྲོལ་ཙམ་ལ་རྡོ་རྗེ་འཆང་ནས་བསོད་ནམས་ཆོས་འཕེལ་བར་གྱི་བླ་མ་བརྒྱུད་པ་དང་ཆོས་སྐྱོང་སོ་སོའི་མཚན་ནས་སྨོས་ཏེ། བསྟན་པ་དང་སེམས་ཅན་ལ་ཐུགས་རྗེས་བཟུངས་ཐུགས་རྗེས་བཟུངས་ཞེས་པ་ཁ་ཅིག་གསུངས་ནས་རེ་ཞིག་ཞིང་འདིའི་གདུལ་བྱ་དེ་ཙམ་དུ་དགོངས་ཏེ་ཞིང་ཁམས་བརྗེ་ཚུལ་བསྟན་ནས་ཚེས་བཅུའི་སྔ་དྲོ་ཤངས་བུག་གཡས་གཡོན་ནས་བྱང་སེམས་དཀར་དམར་མང་པོ་འཆིལ། དབུ་གཙུག་གསལ་པོར་འཕགས་པའི་རྒྱུད་སྡེ་ནས་ཤིན་ཏུ་བསྔགས་པའི་ཚུལ་གྱི་ཐུགས་དམ་གྲོལ་བ་ཡིན་འདུག་ལགས་སོ།། །།ཀྱེ་མ་དུས་ངན་ལྕགས་སྦྲུལ་ས་ཀའི་དུས། །འགྲོ་བའི་སྐྱབས་གཅིག་ཚ་ཟེར་འོད་བརྒྱ་པ། །དག་པའི་ཞིང་ཁམས་ནུབ་རིའི་ངོས་སུ་ཡོལ། །སྐལ་ངན་འགྲོ་བའི་བདེ་སྐྱིད་ཉམ་ཐག་ཆད། །ཉན་བཤད་རྔ་ཆེན་ཆོས་ཀྱི་སྒྲ་སྐད་ཡལ། །མདོ་རྒྱུད་གསུང་རབ་ཚོགས་རྣམས་གྲོགས་མེད་ལུས། །ཆོས་དོན་གཉེར་བའི་ཚོགས་རྣམས་མིག་སྒྱུར་ལ། །སྐོམ་འདོད་རྒྱུག་པ་ཇི་བཞིན་ལྟ་བུར་གྱུར། །དགུང་སྔོན་ངོས་སུ་དུས་མིན་