R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༨༢
[A:༣༨༢]སྒྲ་གཅན་གྱིས། །ཉི་ཟླ་བཟུང་ཞིང་དཀར་ཕྱོགས་ལྷ་རྣམས་ཉམས། །འཛིན་མའི་ལྗོངས་སུ་ནད་མཚོན་མུ་གེ་ཡིས། །སྐྱེ་བོའི་ཚོགས་རྣམས་ཉམ་ཐག་ང་རོ་ཤོར། །ཐུབ་བསྟན་སོ་སོར་བཤད་སྒྲུབ་འཚོ་བའི་རྒྱུན། །ཆ་ཤས་བྲི་བས་དགེ་འདུན་ཉམ་ང་ཞིང། །བསྟན་འཛིན་ཀུན་ཀྱང་ཐུགས་ངལ་ཆེར་མཛད་པའི། །ཀྱེ་ཧུད་འདི་འདྲའི་དུས་སྐབས་དེང་འདིར་བྱུང༌། །བྱིན་རླབས་ཐུགས་རྗེ་ནོར་བུའི་མཛོད་འཛིན་པའི། །དེད་དཔོན་སྟོར་བའི་ཚོང་ཕྲུག་ཇི་བཞིན་དུ། །བདག་སོགས་ལྟོས་བཅས་མགོན་མེད་འགྲོ་འདི་རྣམས། །ཁྱེད་ཀྱི་ཐུགས་རྗེས་དབྱིངས་ནས་མ་འདོར་མཛོད། །མགོན་ཁྱོད་གཤེགས་པའི་མྱ་ངན་མཐོར་རླུང་གིས། །སློབ་ཚོགས་ཐོས་བསམ་བདེ་བའི་སྣང་གསལ་དང༌། །ཐུབ་བསྟན་སྒྲོན་མེ་བསྣུབ་ལ་ཉེ་བ་ཡིས། །དུས་ངན་འདི་ལའང་ཁྱེད་ཀྱིས་ཐུགས་རྗེས་གཟུང༌། །སྔོན་དུ་མཇལ་བའི་སྐལ་བས་དབེན་པ་ཡི། །བདག་སོགས་དད་པའི་བུ་སློབ་མགོན་མེད་ལ། །རྨི་ལམ་ལ་སོགས་ཉམས་སྣང་འཆར་སྒོ་ལ། །སྐུ་སྟོན་གསུང་གིས་སྒྲོ་འདོགས་དཔྱད་དུ་གསོལ། །ཁྱེད་སྔོན་ཟུར་ཕུད་ལྔ་པར་གྱུར་པའི་ཚེ། །བསྐལ་བཟང་བུདྡྷ་སྟོང་ལའང་སེམས་བསྐྱེད་པའི། །གྲོགས་ལྡན་མཛད་ན་དེང་གི་དུས་ངན་ལ། །བདེ་སྐྱིད་སྩོལ་བའི་ཐུགས་བསྐྱེད་ཅིས་མི་མཛད། །འཛིན་མའི་ལྗོངས་སུ་འབྲུ་བཅུད་ལོ་ཕྱུགས་ལེགས། །སྐྱེ་རྒུ་མཐའ་དག་ཕན་བདེས་ངལ་བསོས་ཤིང༌། །བཤད་སྒྲུབ་ཐུབ་བསྟན་དྲི་མེད་དར་བ་ཞིག །འདྲེན་མཆོག་ཁྱེད་ཀྱིས་ཐུགས་རྗེས་མྱུར་དུ་གཟིགས། །དེ་ནས་ཚེས་བཅུ་གཉིས་ལ། མཁས་བཙུན་བཟང་པོའི་ཕུལ་ཕྱིན་དམ་པ་དེ་ཉིད་ཀྱིས་ཐུགས་མཆོག་ཏུ་བརྩེ་བའི་བཤེས་གཉེན་ཆེན་པོ་ལུང་བྱུང་མཁན་རིན་པོ་ཆེ་མཐའ་ཡས་པ་དང༌། ཐུགས་སྲས་དཀར་ལེབ་