R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༨༣
[A:༣༨༣]སློབ་དཔོན་འདར་ནས་སྡེ་པ་བླ་མ་ལགས་གཉིས་ཀྱིས་ཀྱེ་རྡོ་རྗེའི་དུས་ཐ་མའི་ཆོ་ག་རྒྱུད་སྡེ་ནས་ཇི་སྐད་བཤད་པ་བཞིན་མེ་མཆོད་འབུལ་བ་གནང་འདུག་པའི་གདུང་ཁང་ཞལ་ཕྱེ་སྐབས་སྐུ་གདུང་ཕལ་ཆེར་གདུང་ལོག་འབའ་ཞིག་དང་ཇོ་བོ་རྗེ། མཁས་གྲུབ་ཁྱུང་པོ། །བརྒྱུད་འཛིན་རིན་པོ་ཆེ་རྣམས་ལ་ཇི་ལྟར་བྱུང་བ་བཞིན་ཐུགས་རིལ་པོར་ཕེབས་འདུག་ཅིང༌། རིང་བསྲེལ་ཡང་གྲངས་ཁ་ཡར་དང༌། སྐུ་གདུང་ལ་རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བྱད་ཤིན་ཏུ་གསལ་བ་དང༌། གཞན་ཧེ་རུ་ཀ་ཕྱག་གཉིས་པ་ཅུང་མི་གསལ་ཙམ་གཉིས་རྣམས་ཕེབས་འདུག་པ་མེ་མཆོད་པ་རྣམས་ཀྱིས་གཟིགས་འདུག་གོ །གཞན་ཡང་སྐུ་རྗེས་ཀྱི་བྱ་བ་རྣམས་ཐུགས་སྲས་ཕྱག་མཛོད་ཆོས་གྲགས་བཟང་པོ་ལགས་ཀྱི་ཞལ་བཀོད་དང་ཕྱག་གཡོག་གཞན་སོགས་ཀྱིས་ཀྱང་བགྱིས་ཏེ། རྡོ་རྗེ་འཛིན་པ་དུ་མས་དཀྱིལ་འཁོར་ཁ་ཤས་ཀྱི་ཞལ་ཕྱེ་སྟེ་སྒྲུབ་མཆོད་མཛད་པ་དང༌། ཉེ་འཁོར་གྱི་གྲ་རིགས་སེར་འཚོག །ཚོགས་དབུས་ལ་དཔལ་ས་སྐྱ་པ་རིག་སྔགས་འཆང་བའི་པཎྜི་ཏ་འཇམ་དབྱངས་ཀུན་དགའ་བསོད་ནམས་དཔོན་སློབ་རྣམས་སྤྱན་དྲངས་ཏེ། འབུལ་བ་གྱ་ནོམ་པ་དང་བཅས་བསྔོ་བའི་རྒྱས་འདེབས་སོགས་ཞུས་འདུག་ཅིང༌། རྗེས་ནས་གྲང་ཆེན་གྱི་ལྷ་ཁང་གསར་པ་རུ་གཟིམས་མལ་སྐུ་འདྲ་བྱིན་རླབས་ཀྱི་གཟི་འོད་འབར་བ་ཚུན་ཚར་བ་མཛད་འདུག་གོ །ལྔ་པ་བསྟན་འཛིན་གྱི་སྐྱེས་བུ་བསྐྲུན་པའི་སྒོ་ནས་ཆོས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པ་སྤེལ་ཚུལ་ནི། སྤྱིར་འདྲེན་མཆོག་འདི་དགུང་ལོ་སུམ་ཅུ་པ་ནས་བདུན་ཅུའི་བར་ཕེབས་རིང་སྐུ་མཚམས་བསྙེན་པ་ཁག་ཅན་མ་གཏོགས་སྐུ་མཚམས་སྒང་ལའང་དམ་ཚིག་དད་གུས་དོན་གཉེར་ཆེ་བ་ཁ་རེ་ལ་ཆོས་མི་འཆད་པའི་གོ་སྐབས་མེད་ཅིང༌། སྐུ་མཚམས་སོགས་མེད་སྐབས་ནི་མང་ཉུང་གི་རིགས་ཇི་སྙེད་ལ་ཆོས་འཆད་དུུ་མ་རེ་གནང་སྟེ། མདོར་ན་ལམ་འབྲས་གཅིག་