[A:༣༨༤]གི་རིང་ལྟ་བུ་ལ་ལམ་འབྲས་ཞུ་མི་རྣམས་ཀྱི་སོ་སོའི་བསམ་པ་དང་མཐུན་པར་འགའ་ཞིག་ལ་རྡོ་རྗེ་གུར་གྱི་འཁྲིད་ཚུལ། འགའ་ཞིག་ལ་རྡོ་རྗེ་རྣལ་འབྱོར་མ་ལྟ་བུ། ལ་ལར་དམར་འཁྲིད། ལ་ལར་བློ་སྦྱོང་སྐོར་སོགས་དུ་མ་རེ་གནང་བས། འདྲེན་པ་འདི་ཟླ་བ་གཉིས་གསུམ་རེ་ཞབས་པད་བསྟེན་ཐུབ་པ་རྣམས་ཀྱིའང༌། ཆོས་རྣམ་གྲངས་དུ་མ་རེ་ཐོབ་ཡོད། དེ་བྱུང་བས་དམ་པ་འདིའི་ཞབས་ལ་གཏུགས་ཚད་གཞན་དང་མི་འདྲ་བའི་མོས་གུས་དང་ལྡན་ཞིང༌། དོན་ཚང་བ་འབའ་ཞིག་ཡོང་བས་ཆོས་འབྲེལ་ཐོབ་ཅིང་དད་མོས་དང་ལྡན་པ་ནི་ཤིན་ཏུ་མང་བ་སྟོད་སྨད་བར་གསུམ་མ་ཁྱབ་པར་མེད་ཅིང༌། འཕྲིན་ལས་ཞལ་རྒྱུན་བཟང་པོ་སྐྱོང་བའང་མཐའ་ཡས་པས་བརྗོད་ཀྱིས་ག་ལ་ལྡང༌། འོན་ཀྱང་གཙོ་བོར་གྱུར་པ་རྣམས་བརྗོད་ན། རྩེ་གདོང་ནས་ཁམས་གསུམ་འགྲོ་བའི་བླ་མ་དཔལ་ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེའི་གཅུང་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག །དབོན་རིན་པོ་ཆེ་བདག་ཆེན་བྱམས་པ་བསོད་ནམས་ལྷུན་གྲུབ་སྐུ་མཆེད་གསུམ། གདན་ས་ཆེན་པོར་དཔལ་ས་སྐྱ་པ་རིག་སྔགས་འཆང་བའི་པཎྜི་ཏ་འཇམ་དབྱངས་ཀུན་དགའ་བསོད་ནམས། སྤྲུལ་པའི་སྐྱེས་མཆོག་སྤྱན་སྔ་ཚུལ་ཁྲིམས་འབར་བའི་སྐུའི་རྣམ་འཕྲུལ་གདོན་མི་ཟ་བ་རྒྱལ་སྲས་ཀུན་དགའ་དོན་གྲུབ་རྣམས་ནི་ཕར་སློབ་ཚུར་སློབ་ཀྱི་ཞལ་སློབ་ཡིན་ལ། གཞན་ཡང་དེང་དུས་ཀྱི་ཁའུ་སྙན་བརྒྱུད་འཛིན་པ་ཀུན་གྱི་ཡང་རྩེ་བཀྲ་ཤིས་རྩེའི་མཁན་པོ་མཁྱེན་རབ་དང་མཐུ་སྟོབས་ཀྱི་མངའ་བདག་རྗེ་དབོན་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་བརྒྱུད་ཆུ་བོ་གཉིས་འདུས་ཀྱི་མངའ་བདག་སྒམ་པོ་རིན་པོ་ཆེ་ཕྱག་རྡོར་ནོར་བུ། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་པོ་མཁས་མཆོག་ཆོས་རྣམ་རྒྱལ། དེའི་གདན་ས་མཁན་ཆེན་ཀོང་སྟོན་མཁས་པའི་དབང་པོ་དོན་གྲུབ་དཔལ་བཟང༌། དེའི་གདན་ས་མདོ་སྔགས་