[A:༣༤༡]ཡོད་པ་ལས། དང་པོ་ནི་གང་དུ་སྐུ་འཁྲུངས་པའི་གནས་གངས་ལྗོངས་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ནས་ནུབ་བྱང་མཚམས་སུ་དཔག་ཚད་ཕྱེད་དང་གཉིས་ཙམ་བགྲོད་པ། འདར་སྟོད་བླ་མའི་གཟིམས་སྤྱིལ་དང་ཁད་ཉེ་བ་སེམས་ཆེར་ཞེས་པའི་ས་ཆར་ཡབ་གསོ་བ་རིག་པ་སོགས་ལུགས་གཉིས་ལ་མཁྱེན་ཡངས་མཐོ་བ་དྲུང་འཚོ་ཕུན་ཚོགས་པ་ཞེས་པ་དང༌། ཡུམ་མཁའ་འགྲོའི་མཚན་ལྡན་ཕན་ཐོགས་སྐྱིད་ཅེས་པ་གཉིས་ཀྱི་སྲས་བར་པར་རྒྱལ་ཟླའི་ལོ་ཚེས་པའི་ལུགས་ཀྱི་ཨངྒི་ར་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་རྒྱལ་ཟླ་བའི་གཟའ་ཕུར་བུ་དང༌། རྒྱུ་སྐར་རྒྱལ་འཛོམ་པའི་འགྲུབ་སྦྱོར་བཟང་པོའི་ཚེས་ལ་སྐུ་བལྟམས་ཏེ། ཆུང་དུས་ནས་ཀློག་སོགས་ཚེགས་མེད་དུ་མཁྱེན་ཅིང་སྔོན་ནས་ལེགས་སྤྱད་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཡུན་རིང་ནས་གོམས་པའི་ཤུགས་ཀྱིས་བྱིས་པའི་སྤྱོད་པ་ལས་འདས་པ་དུལ་བའི་རང་བཞིན་ཅན་དུ་ཡོད་པར་གྲགས་ལ། དེ་ནས་དགུང་ལོ་བཅུ་གཅིག་སྐོར་ཕེབས་སྐབས་གཡས་རུ་བྱང་ཞབས་དྲུང་ནས་བདག་པོ་སྐུ་མཆེད་གཟིགས་ཕྱོགས་མ་གཅིག་པའི་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱལ་དྲུང་ཤར་ལ་ཕེབས་དགོས་ཤར་བ་དང༌། དམ་པ་འདིའི་ཡབ་བདག་པོའི་བླ་སྨན་དུ་སོང་བའི་ཕྱོགས་རིས་ཀྱིས་སྐོར་ཅིག་ཆོས་འཁོར་ལྷུན་པོར་ཕེབས་དགོས་བྱུང་བར་བརྟེན། དམ་པ་འདི་ཡང་སྐུ་ཕྲ་བའི་དུས་ཆོས་འཁོར་ལྷུན་པོར་ལོ་གཅིག་ཙམ་བཞུགས་པར་དེའི་མཁན་པོ་ཀུན་མཁྱེན་ངག་དབང་གྲགས་པ་ཞེས་བཤེས་གཉེན་བྱང་ཆུབ་སེམས་དཔའ་དེས་བརྩེ་བ་ཆེར་མཛད་ཅིང་ལུང་བསྟན་སོགས་ཀྱང་གནང་བར་གྲགས་ལ། ཕྱིས་རང་འགྲེལ་རྒྱུགས་