R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༤༠
[A:༣༤༠]རབ་བཀའ་བསྟན་བཅོས་གངས་ཅན་དུ་འགྱུར་བ་ཡོད་དོ་ཅོག་གི་སྤྱི་གཟུགས། རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་བྱམས་པ་ཆེན་པོ་སྙིང་རྗེ་གསུམ་དང་བཅས་པ་ཐམས་ཅད་ཀྱི་མངའ་བདག །རིམ་གཉིས་སྙན་བརྒྱུད་ཟབ་མོ་ལྟ་བའི་གནད་མ་ལུས་པའི་སྙིང་པོ། །བྱིན་རླབས་ཡིད་བཞིན་གྱི་ནོར་བུ་ལོན་པའི་དེད་དཔོན། བཤད་སྒྲུབ་ཀྱི་ཐུབ་བསྟན་མཐའ་དག་གསལ་བར་འབྱེད་པའི་ཉིན་བྱེད། དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་གྲགས་ཞེས་ཁམས་གསུམ་ཞིང་མཆོག་དག་པ་དང་བཅས་པར་ཡོངས་སུ་གྲགས་པའི་དཔལ་ལྡན་བླ་མ་དེ་ཉིད་ནི་འོག་མིན་གྱི་ཞིང་གི་རྡོ་རྗེ་འཆང་ཆེན་པོ་ཉིད་མི་མཇེད་ཀྱི་ཞིང་འདིར། སྤྱིར་ཐུབ་པའི་བསྟན་པ་མཐའ་དག་དང༌། ཁྱད་པར་རྗེ་བཙུན་ས་སྐྱ་པའི་བསྟན་པའི་གསལ་བྱེད་དུ་ངེས་པར་དགེ་བའི་བཤེས་གཉེན་ཆེན་པོའི་སྐུར་བསྟན་པ་ཡིན་ལ། དེ་ཉིད་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་ལས་བདག་བློས་གཞལ་བར་ནུས་པ་ཆུ་ཐིགས་ཙམ་མདོར་བསྡུས་བརྗོད་པས། གང་དུ་སྐྱེ་བ་བཞེས་ནས་གཞོན་ནུར་རབ་ཏུ་བྱུང་སྟེ་མཁས་གྲུབ་དུ་མ་བསྟེན་ཅིང་ཐོས་བསམ་གྱི་སྒྲོ་འདོགས་བཅད་ཚུལ། དེ་དོན་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་ཚུལ། བླ་མ་དང་ཡི་དམ་ལྷས་རྗེས་སུ་བཟུང་བའི་བྱིན་རླབས་ཡོན་ཏན་ཁྱད་པར་ཅན་མངའ་ཚུལ། ཞིང་འདིའི་མཛད་པ་རྫོགས་ཏེ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ། བསྟན་འཛིན་གྱི་སྐྱེས་བུ་བསྐྲུན་པའི་སྒོ་ནས་ཆོས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པར་སྤེལ་ཚུལ་རྣམས་སུ་