R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༤༣
[A:༣༤༣]ཁྱབ་འབྱུང་བའི་རྟེན་འབྲེལ་གྱི་སྒོ་དུ་མ་སྒྲིག་པར་མཛད་པས་ན་སྤྱན་སྔ་རྗེ་འདི་ཡང་བཀའ་དྲིན་ཆེ་བའི་མགོན་གཅིག་ཏུ་སྣང་ལགས་སོ། །དེའི་སྐབས་ཤིག་ངོར་ཨེ་ཝཾ་ཆོས་ལྡན་རྡོ་རྗེ་ཐེག་པའི་ཕོ་བྲང་ཆེན་པོ་ནས་ཡོངས་ཀྱི་བཤེས་གཉེན་དམ་པ་གྲུབ་ཆེན་དཀོན་ཅོག་དཔལ་ལྡན་སྤྱན་སྔ་རྗེ་དེ་ཉིད་ལ་སྔ་སོར་མདོ་མཁར་དུ་ཆོས་ཁ་ཡར་གསན་པའི་འཕྲོས་གསན་པ་སོགས་ལ་ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་གྲྭ་ཆེན་པོར་ཕེབས་ནས་གོང་དུ་ཆོས་གསན་པ་དང༌། དེ་མཐུན་ཐུབ་བསྟན་ཚོགས་ཆེན་སློབ་དཔོན་རྗེ་དབང་ཕྱུག་དཔལ་བཟང་སོགས་དང་བཅས་པར་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རིགས་གཏད་དམར་འཁྲིད་ཚེམས་བུ་ལུགས། དེའི་འཁྲིད་ཡིག་མཁྱེན་རབ་ཆོས་རྗེའི་མཛད་པའི་ལུང༌། འཇམ་དབྱངས་དམར་སེར། ཛམ་བྷ་ལ་སེར་པོའི་རྗེས་གནང་རྣམས་གནང་བ་ཡང་དམ་པ་དེ་ཉིད་ཀྱིས་གསན་གསུངས་ལ། སྐུ་ན་ཕྲ་བའི་སྐབས་ནས་བཟུང་ཐུགས་རབ་ཆེ་བ་དང་དུལ་བའི་ཡང་རྩེར་གྲགས་འདུག་ཅིང༌། རྗེ་དབང་ཕྱུག་དཔལ་བཟང་དེ་ཉིད་ལ་བསླབ་སྦྱོང་དོགས་དཔྱོད་ཞུ་སའི་མཐིལ་གནང་སྟེ། ཕར་ཚད། དབུ་སྡོམ། འདུལ་མཛོད། བཤེས་སྤྲིང༌། སྤྱོད་འཇུག་སོགས་ཀྱིས་གཙོས་པའི་གཞུང་ལུགས་མཐའ་དག་ལ་ཐོས་པ་རྒྱ་མཚོའི་མཐར་སོན་པ་གནང་ལ། དེ་ཡང་གཞན་གྱི་ལོ་དང་ཟླ་བའི་བློ་སྐྱེད་ལས་དམ་པ་དེ་ཉིད་ཀྱི་ཆོས་ཐོག་རེ་རེའང་སྐྱེད་ཆེ་བ་སྔོན་གྱི་སྦྱངས་ཤུགས་ཀྱི་ཡོད་པར་གྲགས་འདུག །དགུང་ལོ་བཅོ་བརྒྱད་ཀྱི་སྟེང་དུ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱར་འཇམ་མགོན་གཉིས་པ་ས་སྐྱ་པཎྜི་ཏའི་གསུང༌། རིགས་གཏེར་རང་