R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༤༤
[A:༣༤༤]འགྲེལ་རྒྱུགས་འབུལ་དང༌། དེའི་ཕྱི་ལོ་རབ་འབྱམས་གྲྭ་སྐོར་གདན་ས་ཆེན་པོ་དང༌། རིམ་གྱིས་ངམ་རིང་དགའ་ལྡན་བྱམས་པའི་ཕོ་བྲང་སོགས་སུ་བསྟན་པའི་རྣམ་གཞག་ཐ་མལ་གྱི་བློའི་སྤྱོད་ཡུལ་ལས་འདས་པའི་རྒྱ་ཆེར་གནང་བ་ལ་བརྟེན་མཁས་མཆོག་སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ་བའི་འགོ་དེ་ནས་ཚུགས་པ་བྱུང་འདུག་གོ །དེ་དག་གི་སྐབས་ཆོས་མཚམས་སོགས་ལ་གསུང་ངག་ཆོས་ཀྱི་འབྱུང་སའི་གནས་མཆོག་མང་མཁར་རི་བོའི་མགུལ་པ་སློབ་བཤད་ནོར་བུ་གླིང་གི་དབེན་གནས་སུ་མཁས་མང་རྒྱ་མཚོའི་དེད་དཔོན་ཡོངས་འཛིན་ཀླུ་སྒྲུབ་རྗེའི་ཞབས་པད་བསྟན་ཏེ། གསུང་ངག་རིན་པོ་ཆེ་སློབ་བཤད་དུ་གྲགས་པའི་སྔོན་འགྲོ་སྣང་བ་གསུམ་གྱི་འཁྲིད་ནས་བཟུང་ཐུགས་བསྐྱེད་ཆེན་མོ། སློབ་མ་རྗེས་འཛིན་དང་བཅས་པའི་རྒྱུ་དབང་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་དབང་སྟེགས་ཨཥྟའི་བཟླས་ལུང་གི་ཕྱག་ལེན་རྒྱས་པ་དང་བཅས་ཏེ་དབང་བསྐུར་བ། དངོས་གཞི་རྒྱུད་གསུམ་གྱི་དམིགས་འཁྲིད་སྨིན་རྒྱས་སྒྱུ་ལུས་རྨི་ལམ་བར་དོའི་དམིགས་ཆུང་ཐུན་རེ་དང་བཅས་པ། དེ་དག་གི་སྐབས་སུ་དངོས་གཞི་ཚུགས་མཚམས་ནས་བླ་མའི་བྱིན་རླབས་ཚར་གསུམ་ཁུག་པ། འཁོར་འདས་དབྱེར་མེད་ཀྱི་འཁྲིད་ཀྱི་སྐབས་ཙམ་ལ་བདག་མེད་ལྷ་མོ་བཅོ་ལྔའི་སྨིན་བྱེད་ཀྱི་དབང་དང་བྱིན་རླབས། རྨི་ལམ་བཀའ་རྒྱ་མ་སོགས་སྔོན་འགྲོ་ཆོས་ཀྱི་བྱུང་ཚུལ་རྒྱས་པ་ནས་བཟུང༌། དམ་ཚིག་གི་བཤད་པ། ཕྱི་ནང་གི་བསྐྱེད་རིམ་གྱི་བཤད་པ། ལུས་དཀྱིལ་གྱི་དབང༌། ལམ་ཟབ་ཕྱི་ནང་གཉིས། རྣལ་འབྱོར་དབང་ཕྱུག་བིརྺ་པའི་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་