[A:༤༠༥]མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས་དབང་མ་གྲོལ་བར་བཞུགས་ནས་དབང་བསྐུར་བའི་ཆོ་ག་མཛད་ཀྱིན་འདུག་པ་ལ་ཁོང་ཡབ་སྲས་ཀྱིས་དབང་ཚིག་ཇི་ལྟ་བ་བཞིན་ཁྱེད་རྣམས་ལ་བཤད་པ་ཡིན་ཨང༌། དེ་འདྲའི་དགའ་བ་ལ་ཨང༌། ཞེས་གསུངས་པ་ནི་བསྟན་པ་རིན་པོ་ཆེ་སྲིད་མཐར་མི་ཉམས་པ་ལ་བླ་མ་རྣམ་གཉིས་མཉེས་པར་སྣང༌། ཚར་ཆེན་གྱི་གསུང་མགུར་ལས། ང་དལ་འབྱོར་རྡོ་རྗེའི་ལུས་མཆོག་ཐོབ། །ཕ་མཚན་ལྡན་བླ་མས་རྗེས་སུ་བཟུང༌། །ལམ་ཚད་མ་སྙན་བརྒྱུད་བཞི་ལྡན་ཐོབ། །ད་གང་ལྟར་བྱས་ཀྱང་ཨེ་མ་ཧོ། །ཞེས་པའི་དོན་དུ་མཆིས། །གཞན་ཡང་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཉམས་ཁྲིད། མགོན་ཆེན་གྱི་རྗེས་གནང་ཁ་ཤས་ལུང་རགས་རིམ། བྲག་རྫོང་མ་དང་གསང་ཁྲིད་ཀྱི་ཉམས་ཁྲིད། རྭ་ལུགས་བཅུ་གསུམ་མའི་དབང༌། རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་ཁྲིད། གཤེད་དམར་ལྷ་ལྔའི་དབང་གིས་གཙོས་དབང་རྗེས་གནང་རིག་གཏད་ཁྲིད་ལུང་སོགས་གདམས་བ་རྒྱ་མཚོ་ལྟ་བུ་གསན་ཅིང་བཀའ་དྲིན་ཆེ་ཤོས་སུ་མཛད་པས། བྲག་རྫོང་མའི་ས་བཅད་ལས། བློ་འདས་གདོད་མའི་མགོན་པོ་རྡོ་རྗེ་འཆང༌། །གང་འདུལ་དག་པའི་ཟློས་གར་དྲིན་ཅན་རྗེ། །བཀའ་དྲིན་དྲན་ནོ་ཕ་རྒོད་བསླབ་གསུམ་ཞབས། །སྙིང་ནས་འདུ་འབྲལ་མེད་དོ་ཐུགས་རྗེས་སྐྱོངས། །ཞེས་པའི་དོན། ཁྱད་པར་ཚེ་རབས་དཔག་མེད་ནས། །རྗེས་སུ་བཟུང་བའི་འདྲེན་པ་མཆོག །ཚེ་འདིར་རང་སེམས་ལྷན་སྐྱེས་འདི། །སྐྱེ་མེད་ཆོས་སྐུར་ངོ་སྤྲད་ཅིང༌། །ཟབ་མོའི་དབང་བཞི་ཆུ་བོའི་རྒྱུན། །བུམ་པ་གང་བྱོར་གནང་བ་ཡི། །བཀའ་དྲིན་མཉམ་མེད་རྡོ་རིང་བ། །