R182: རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག

  • Pagination (Witness A): ༤༠༨
[A:༤༠༨]བསྟན་ཏེ་བསླུས་བརྒྱབ་པའི་རྫོང་སྡེ་པ་གཙང་པར་སྤྲད་ཅིང་དམ་པ་འདི་ཉིད་ཀོང་དམག་ལ་བཏད་དེ་ས་དོང་དུ་བཞུགས་བཅུག་དོང་གི་ཁ་བིར་ཕུབ་ཀྱིས་བཅད་ཁྱི་ཐུ་བོ་བཏགས་ནས་ཉེ་སྐོར་དུ་འགྲུལ་མི་ཡོང་པའི་ངམ་དོག་ཆེན་པོས་ཤིན་ཏུ་འོ་བརྒྱལ་སྐབས་སྤྲོས་མེད་ལ་བརྟེན་པའི་ཐུགས་དམ་རྣམས་མ་ཆག་ཅིང༌། གསོལ་བའི་ཕུད་མཆོད་ལ་བརྟེན་ནས་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་མ་གཏོགས་གཞན་མའི་སྤྲོས་པ་ཆེ་བ་རྣམས་གནང་མ་ཐུབ། དེ་ཡང་མཽ་གལ་གྱི་བུའི་ཕྱག་ཞབས་ཐམས་ཅད་ཀུན་ཏུ་རྒྱུས་འདམ་བུ་ལྟར་བཅོམས་པའི་ལོ་རྒྱུས་བཞིན་ཡུལ་ཁྱད་པར་ཅན་རྣམས་ལའང་ཀུན་རྫོབ་ཏུ་ལས་ཀྱི་འབྲས་བུ་མི་ཡོང་བའི་མཐའ་མ་བཀག་ཅིང། དེ་བཞིན་གཤེགས་པ་ཡེ་ཤེས་ཤཱཀྱའི་མདོ་ལས། དེས་བསྐལ་པ་གྲངས་མེད་པར་གང་སྡིག་པའི་ལས་མངོན་པར་འདུས་བྱས་པར་གྱུར་པ་དེ་དག་གིས། དེ་ཡང་ཕྱི་མའི་དུས་ན་ཀླད་པ་ན་བ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། སེམས་ཉམ་ང་བ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། སྐུར་པ་བཏབ་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། བརྙས་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། འཐིང་སླད་བྱས་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། ཅོ་དྲིས་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། རྙེད་པ་ཆུང་བས་ཐམས་ཅད་འབྱང་བར་འགྱུར། སྐྱེ་བ་གཅིག་ཁོ་ནས་ཐམས་ཅད་འབྱང་བར་འགྱུར། ཞེས་པ་ལྟར་སྦྱང་བྱའི་སྡིག་ལྟུང་ཆེན་པོའི་ཚོགས་ཀྱང་ཚེགས་ཆུང་ངུས་གཞིལ་བར་གྱུར་པ་ལྟས་ངན་གཡང་དུ་ལོན་པ་ཡིན་པས་རང་རྒྱུད་པའི་ངང་ཚུལ་དུ་མི་སེམས་སོ། །མི་རིང་བར་གཞིས་ནས་གསེར་གྱིས་གཙོས་དངོས་པོ་གཏོས་ཆེ་བའི་བླུས་མས་