R182: རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག

  • Pagination (Witness A): ༤༣༦
[A:༤༣༦]བ་མཁའ་ལ་སྤྱོད་པའི་གནས་དཔའ་བོ་མཁའ་འགྲོ་འདུ་བའི་ཚོགས་དཔོན་དུ་གཤེགས་པའི་དག་པ་ཡེ་ཤེས་ཀྱི་སྐུས་རྗེས་སུ་འཛིན་པ་དང་སྐུ་ཚེའི་ལྷག་མ་གནང་བའི་ལྟས་སུ་སྣང༌། བླ་མ་རིན་པོ་ཆེའི་དགུང་ཞག་མ་གྲོལ་གྱི་བར་དུ་བཤེས་གཉེན་དམ་པ་འཇམ་དཔལ་དབྱངས་དང་དབྱེར་མི་ཕྱེད་པར་བཅོམ་ལྡན་འདས་འཇིགས་མཛད་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་མཆོད་རྒྱས་པར་གནང་ངོ༌། །དྲང་སྲོང་བསམ་གཏན་ལ་གཞོལ་སྲིན་པོ་རིར། །རབ་འབྱོར་ཟླ་བའི་ཕྱག་རྗེས་བཟོ་རིག་ཚད། །འཁོར་ལོ་སྡོམ་པའི་སྐུ་བརྙན་བར་སྣང་ལ། །བདེ་ཆེན་གར་བསྒྱུར་ཝཾ་ཡིག་གཟིགས་པའི་མོད། །སྟོང་ཉིད་སྙིང་རྗེའི་ཉམས་ལྡན་ཨེ་ཡི་གཟུགས། །མཁའ་སྤྱོད་དབང་མོའི་མཛེས་སྐུ་སྒྱུ་མའི་འཕྲུལ། །མཐུ་སྟོབས་འཇིགས་མེད་དཔའ་བོའི་ཆོས་ཀྱི་གྲར། །འདྲེན་བྱེད་ཚར་དངར་ཐབས་ཤེས་ཟུང་འཇུག་བརྡ། །ཀསྨི་ར་པའི་པཎ་ཆེན་སྡོམ་པའི་རྒྱུན། །གངྒཱའི་འབྱུང་གནས་མ་དྲོས་ཆོས་ལུང་དེར། །དགྱེས་མཛད་རྡོ་རྗེའི་ལྷ་སྔགས་ཡེ་ཤེས་ཀྱི། །བྱིན་རླབས་གཟི་བྱིན་ཉི་མའི་དངོས་བརྒྱ་འབར། །ལྔ་རིགས་གྲུབ་དབང་གྷ་ཡ་དྷ་རའི་ཞབས། །ངུར་སྨྲིག་གར་གྱིས་རོལ་པ་ཚར་པ་རྗེས། །གསུང་ངག་སྨིན་གྲོལ་གནང་ཕྱིར་ཡེ་ཤེས་སྐུ། །མངོན་སུམ་བསྟན་པའི་སྐལ་བཟང་ཁྱོད་ཉིད་ཙམ། །ཚད་མེད་ལྷ་མོ་རྣམ་བཞིའི་བཀྲ་ཤིས་གླུས། །ཆོས་ཀྱི་འཁོར་ལོ་བསྐོར་ཆེད་འདུས་སྡེ་འདིར། །སྤྱོན་ཞེས་བསྐུལ་བའི་སྔོན་འགྲོར་བསྟན་སྲུང་ཚོགས། །རྒྱ་གར་ཛོ་ཀིའི་ཟོལ་གྱིས་ལྷགས་པ་སྙམ། །སྲིད་པའི་དཔལ་འབྱོར་ཟླ་བའི་མ་མ་གང༌། །ཉེས་བརྒྱ་ཆུ་སྲིན་ཚང་དུ་ཡོངས་གཟིགས་པའི། །ངེས་པར་འབྱུང་ཡང་གཞན་ཕན་བྱ་དཀའ་བར། །མི་ཞུམ་ཁྱོད་