[A:༤༣༩]ཙམ་བྱུང་བ་ནི། བུ་སྟོན་རིན་པོ་ཆེས་དགེ་འདུན་སྤྱིའི་སྙན་བསྐུལ་ཞལ་གདམས་ལས། ད་དུས་སྙིགས་སེམས་ཅན་ཐམས་ཅད་སྤྱོད་པ་འགྱུར་བའི་དུས་འདིར་ད་འདི་འདྲ་ལ་ཐུག །ནམ་ཡང་མེད་ཁེ་ཧེན་བསྲེས་ཟེར་ནས་དྲག་པོའི་སྤྱོད་པ་བྱེད་པ་ཡོད་དེ། དེ་འདྲའོ་སྐོལ་གྱིས་ཆ་རྐྱེན་དཔུང་གླེང་མཆུ་གང་གིས་ཀྱང་མི་འཕེར་བས་སེམས་ཆུང་བྱས་ནས་མགོ་ལ་ལག་པ་འགེབས་པའི་མདུན་མ་ལ་བརྟེན་པ་དང༌། གྲ་པ་གྲ་གཡོག་ལ་སོགས་པ་རྣམས་ལ་སོ་སོ་ནས་ཞལ་ཏ་བཅུག་ནས་འཐབ་རྩོད་ཁ་སྨྲས་ཁ་མཆུ་མི་ཡོང་བའི་ཐབས་ལ་སྦྱར་དགོས་མི་དོན་རེ་རེའི་རིང་ལ་མང་པོ་འཕུང་ལ་གཏོང་བ་བློ་རིན་ལྟ་བུ་ཡོད་པ་ཡིན། ཞེས་བཀའ་སྩལ་བ་གང་ཟག་འདི་འདྲའི་རིགས་ལ་དགོངས་པར་སྣང༌། ནུབ་ཅིག་མནལ་ལམ་དུ་མགོན་ཁང་ན་གོས་འབོལ་མཐོ་བ་ཞིག་གི་སྟེང་རྡོ་རྗེ་འཆང་རྟ་ར་བའི་སྐུའི་དབྱིབས་དང་ན་བཟའ་སྔར་ཇི་ལྟ་བ་ལ་རཀྵའི་འཕྲེང་བ་བཟུང་བའི་ཕྱག་གཉིས་དབུའི་སྟེང་དུ་བཞག་སྟེ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། །ཨྱོན་པདྨ་འབྱུང་གནས་ཀྱིས། །མོས་པའི་བུུ་ལ་བྱིན་གྱིས་རློབས། །ཞེས་གསུངས་ནས་བྱིན་རླབས་མཛད་བྱུང་བའི་དེ་མ་ཐག་ཨྱོན་རིན་པོ་ཆེ་དངོས་ཡིན་དགོངས་པའི་སྐུ་ལུས་ཐམས་ཅད་ཟི་ཆོམ་མེ་བ་ཞིག་བྱུང་བར་སྣང༌། དེའི་རྗེས་བླ་བྲང་གི་ཡང་སྟེང་དུ་ལྕོག་བུ་ཕུབ་སྟེ་བཞུགས་པའི་ཐོ་རེངས་ཀྱི་དུས་ཤིག་མདུན་གྱི་ནམ་མཁར་ཨྱོན་ཆོས་ཀྱི་རྒྱལ་པོ་ན་བཟའ་དང་དབུ་ཞྭ་སོགས་ཟ་ཧོར་མའི་ཆ་བྱད་ཅན་འོད་ལྔའི་གུར་ཁྱིམ་ན་བཞུགས་བ་ཤིན་ཏུ་གསལ་བར་གཟིགས་པ་སྐུ་ཚེ་འདི་ལ་ཨྱོན་རིན་པོ་ཆེའི་ཞལ་གཟིགས་བྱུང་བའི་ཐོག་མ་ཡིན་གསུང༌། ས་དམར་དགོན་པ་བ་རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་