[A:༤༤༡]ཡལ་ལེ་བའི་ངང་ནས་གཟིམས་ཁང་གོང་དུ་བཞུགས་གནས་མཛད་དེ་སྐུ་མཚམས་བསྡམས། སྤྲུལ་སྐུ་རཏྣ་གླིང་པའི་གདུང་བརྒྱུད་ཆུ་མིག་དགོན་གསར་བའི་ལག་གི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་གཏེར་བྱོན་ཨྱོན་ཡབ་ཡུམ་གྱི་སྐུ་ཚབ་མཐོང་བ་དོན་ལྡན་དང་འགྲོ་བ་ཀུན་འདུལ། རྡོ་རྗེ་འཆང་ཉིད་ཀྱི་ཕྱག་གི་སྐུ་ཚབ་ཡིད་བཞིན་ནོར་བུ་གསུམ་རིག་འཛིན་བླ་མ་སྒྲུབ་པའི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་སྤྱན་སྔར་སྨན་རག་གཏོར་གསུམ་གྱིས་ཐོག་དྲངས་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་བཤམས་ཏེ་ཞག་བདུན་གྱི་བར་པཎ་ཆེན་རིན་པོ་ཆེ་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་མཆེད་གཉིས་ཀྱི་ཟབ་གཏེར་བླ་མ་བཀའ་འདུས་ཀྱི་ལྗགས་བསྙེན་ཁ་གསོ་གནང་བའི་ཚེས་བཞིའི་ཐོ་རེངས་སྐུའི་མདུན་ཐད་ཀྱི་མཁའ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་སོར་ལྔ་པ་ཞིག་གི་དབུས་སུ་ཨྱོན་ཆེན་པོའི་སྐུ་ཆུང་ངུ་གསལ་ཞིང་དངས་པ་ལམ་མེ་བ་གཟིགས། ཚེས་དགུའི་ནུབ་གཏེར་སྲུང་དང་བཞིས་བདག་སོགས་དགྱེས་པའི་འཚུབ་ལྷོངས་ཤིན་ཏུ་ཆེ། སྐུ་མཚམས་གྲོལ་ཁའི་ཚེས་བཅུའི་ཉིན་ལྷ་བྲག་གཏེར་བྱོན་ནང་རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ལ་བརྟེན་ནས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་རྣམས་མཆོད་པའི་སྤྲིན་གྱི་ཕུང་པོས་མཉེས་པར་མཛད་པས་འཛབ་བཟླས་ཀྱི་དུས་གནས་འཛིན་ཀུན་གྱིས་མཐོང་བར་མེ་ཏོག་གི་ཆར་ཆེན་པོ་བུ་ཡུག་ལྟར་འཚུབས། སྒྲུབ་ཕུག་ནས་ཚེ་ཆུ་གློ་བུར་དུ་རྡོལ་བ་ཆུ་བོའི་རྒྱུན་བཞིན་རེ་ཞིག་པར་བབས་ཤིང་དེ་ཡོད་རྣམས་ཀྱི་ཞལ་དུ་གསོལ་བ་སོགས་གནས་སྟོན་འཁོར་ཆོས་དུས་ཏེ་ཕུན་ཚོགས་པ་ལྔ་ཚང་བའི་རྟེན་འབྲེལ་གྱི་སྒོ་འཕར་མཆོག་ཏུ་འགྲིག །ཆོས་སྡེར་ཕེབས་ནས་ཧོར་