R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): [-]
ཨོཾ་བདེ་ལེགས་སུ་གྱུར་ཅིག །རང་བྱུང་ལྷུན་གྲུབ་ཡེ་ཤེས་ཁྱབ་བརྡལ་ལས། །མ་འགགས་རང་རྩལ་སྤྲུལ་པའི་སྐུ་རུ་བྱོན། །འགྲོ་བ་ཀུན་གྱི་སྐྱབས་གཅིག་པདྨ་འབྱུང༌། །ཁྱད་པར་བདག་གི་འདི་ཕྱིའི་མགོན་གཅིག་པུ། །ཁྱེད་ལ་གསོལ་འདེབས་སྙིང་ནས་སྐྱབས་སུ་མཆི། །རྒྱལ་བ་གང་དེའི་ཡེ་ཤེས་རྣམ་རོལ་ལས། །སྤྲུལ་པའི་ཟློས་གར་བཤེས་གཉེན་དམ་པའི་ཚུལ། །མདོ་སྔགས་གསར་རྙིང་བཀའ་གཏེར་མ་ལུས་པ། །ཉི་ལྟར་གསལ་མཛད་མཁྱེན་བརྩེའི་དབང་ཕྱུག་མཁྱེན། །དེ་ཡི་རྡོ་རྗེ་ཡེ་ཤེས་རྣམ་གསུམ་གྱིས། །བསྐྲུན་པའི་རྒྱལ་ཚབ་གྲུབ་དབང་རྡོ་རྗེ་འཆང༌། །བཀའ་དྲིན་མཉམ་མེད་དབང་ཕྱུག་རབ་བརྟན་གྱི། །ཞབས་ལ་ཕྱག་འཚལ་གསོལ་འདེབས་སྐྱབས་སུ་མཆི། །ཆོས་དབྱིངས་བདེ་ཆེན་མཐའ་བྲལ་ངང་ཉིད་ལས། །གང་འདུལ་ཐབས་ཀྱིས་འགྲོ་བ་རྗེས་གཟུང་ཕྱིར། །ཞི་དང་ཁྲོ་དང་ཞི་མ་ཁྲོ་ཡི་ཚུལ། །རབ་འབྱམས་ལྷ་ཚོགས་བདག་གིས་བསྙེན་ཅིང་སྒྲུབ། །རྡོ་རྗེ་འཆང་དབང་ཐུགས་ལས་རྣམ་སྤྲུལ་པའི། །རྒྱལ་བའི་བསྟན་སྲུང་མ་རུངས་ཚར་གཅོད་པ། །དྲག་ཤུལ་མཐུ་ལྡན་དམ་ཅན་ཚོགས་རྣམས་ཀྱིས། །བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་བར་ཆད་སོལ། །ཇི་ལྟར་འདབ་བཟང་དབང་པོ་མཁའ་ལ་བགྲོད། །དེ་ལ་འགྲན་མིན་ཉམ་ཆུང་བུང་བའི་ཚོགས། །རང་རྩལ་འབད་ནས་ནམ་མཁར་འཕུར་བ་ལྟར། །སྔོན་བྱོན་དམ་པ་རྣམས་ལ་འགྲན་མིན་ཡང༌། །རང་ཉིད་འཁོར་བའི་འདམ་ལས་རབ་བརྒལ་ནས། །མ་རྒན་འགྲོ་བ་སྨིན་གྲོལ་ལ་འགོད་ཕྱིར། །དམ་པའི་རྗེས་ཞུགས་གོ་ཆ་ཆེར་གྱོན་ནས། །ཉོན་མོངས་དགྲ་ཚོགས་གཡུལ་ལས་རྣམ་རྒྱལ་ཏེ། །སྐུ་བཞིའི་རྒྱལ་སྲིད་འཐོབ་ཕྱིར་ངས་འདིར་འབད། །དེ་ལ་འ་ཞའི་རྒྱལ་རིགས་ལས་བྱུང་བའི་བཙུན་པ་མཁས་གྲུབ་དམ་པ་མང་པོའི་དབོན་དུ་གྱུར་ཅིང་རྗེས་སུ་བཟུང་བ། དམ་པའི་ཆོས་ཚུལ་མང་དུ་ཐོས་པ། རྒྱུ་འབྲས་ཀྱི་ཆོས་ལ་བདེན་པའི་དད་པ་ཐོབ་པ། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་མི་ཕྱེད་དད་པས་ཕྱུག་པ་མིང་གནས་གསར་དབོན་པོ་མགོན་པོ་བསོད་ནམས་མཆོག་ལྡན་ཞེས་བགྱི་བ་བདག་ཡོངས་འཛིན་བླ་མ་མང་པོས་ཐུགས་རྗེས་སུ་བསྐྱངས་པའི་དབང་འཁྲིད་གདམས་པ་མང་དུ་ཐོབ་ཀྱང་རང་ཉིད་ཀྱི་རྒྱུད་ལ་ནི་མ་འབྱོར། ལུང་རྟོགས་དང་སྦྱངས་པའི་ཡོན་ཏན་ནི་མེད། ཤེས་རབ་དང་བརྩོན་འགྲུས་ནི་ཞན། དཀའ་སྤྱད་སྡུག་རུས་ནི་ཆུངས། ལེ་ལོ་དང་སྙོམས་ལས་ནི་ཆེ། སྦྱིན་སྟོབས་དང་བསྒོམས་སྟོབས་ནི་ཉུང༌། གཉིད་རྨུགས་དང་རྣམ་གཡེང་ནི་མང༌། དེ་ལ་སོགས་པའི་སྐྱོན་དང་ཉེས་པ་ནི་བརྗོད་པས་མི་ལང༌། ཡོན་ཏན་དང་དགེ་བ་ནི་བཙལ་བས་མི་རྙེད་པའི་ཚོད་ཙམ་དུ་འདུག །མི་ཚེ་ནི་ཕྱེད་ལྷག་སོང་འདུག །འཚང་རྒྱ་བར་ནི་སྤུ་ཙམ་མི་ཉེ་བའི་ཁར་ཉེས་ལྟུང་མང་པོ་ཞིག་གིས་མར་ལ་ཨེན་ཙམ་ཉེ་རུ་སོང་འདུག་སྙམ་པའི་བློ་ལ་བདེ་བའི་སྐབས་མ་བྱུང་བས་སླར་ཡང་ཡང་བསམས་པས་མཚམས་མེད་བྱས་པའི་སྡིག་པ་ཆེ་ཡང་གསང་སྔགས་ཀྱི་གནད་གསང་ཤེས་ན་མྱུར་དུ་འཚང་རྒྱ་བར་གསུངས་འདུག །སྙིང་རུས་དང་ལྡན་ན་ཟླ་བ་དྲུག་རྩེ་གཅིག་བསྒོམས་པས་ཕུང་པོ་ལྷག་མེད་འགྲུབ་པར་ཡང་གསུངས། ཚུལ་བཞིན་དུ་བསྒོམས་ན་ཞག་བདུན་གྱིས་བདེན་པ་མཐོང་བར་དུས་འཁོར་ལས་གསུངས་པ་སོགས་ཀྱིས་སྤྲོ་བ་སླར་རྙེད། ད་ཆ་རང་ལོ་སོ་བརྒྱད་པ་འབྲུག་ལོ་ཟླ་བ་དང་པོ་ནས་བཟུང་ཇི་སྲིད་འཚོའི་བར་ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཆེད་དུ་མི་སྒྲུབ་ཟས་སྟེར་མི་བྱུང་ན་བྱོལ་ཉོག་ཏུ་མ་སོང་བར་ལོངས་སྤྱོད། མ་བྱུང་ན་བཅུད་ལེན་ལ་སོགས་པའི་ངན་ངོན་ལ་བརྟེན། གོས་སྟེར་མི་བྱུང་ན་གྱོན། མ་བྱུང་ནའང་ཆོས་གོས་རྣམ་གསུམ་ངན་རྙིགས་དང་གཏུམ་མོ་ལ་བརྟེན་པ་བྱེད། ཆོས་བཀའ་གཏེར་མདོ་སྔགས་རྣམ་དག་ཞུ་ས་གང་ན་ཡོད་ཀྱང་ཞུ། ཁྱད་པར་ཁེ་དང་རྒྱལ་ཁ་གཞན་ལ་བསྐུར་ཞིང༌། གྱོང་རང་གིས་ལེན་པ་གང་ཡོང་ཡོང་བྱེད། ལྷག་པར་ལྷའི་བསྙེན་པ་རིགས་མི་གཅིག་པ་བརྒྱ་ཕྲག་བྱེད། རྟགས་དང་མཚན་མ་ཡོང་རེ་མེད་ཀྱང་གྲངས་བསྙེན། དུས་བསྙེན། གཙོ་འབུམ། འཁོར་ཁྲིར་ལོངས་པ་བརྒྱ་ཕྲག་གཅིག་ལོ་ཞེ་དགུ་ཚུན་ལ་གྲུབ་པ་བགྱིད། དེ་ནས་ཀྱང་མ་ཤི་ན་ཅི་འགྲུབ་བྱེད། དེ་དག་གི་ཁས་ལེན་དང་དམ་བཅའ་ལ་རྟ་རི་བ་དང་ཉམས་ལེན་ལག་ཐོག་ཡོད་པ་ལ་ཁྱི་མི་རི་བ་བྱུང་གི་དོགས་འདུག་པས་ཡང་ཡང་ཞུས་དག་བྱེད།