གྲུབ་ན་ཁེངས་རློམས་སྤངས་ཏེ་ཆོས་ཆོས་སུ་སོང་བ་བྱེད། དེ་དག་འགྲུབ་མ་འགྲུབ་བལྟ་ཕྱིར་ཡི་གེ་བྲིས་པ་ཡིན། སྤྲང་བན་བདག་གི་དམ་བཅའི་ཚིག་འདི་དག །བྱས་བྱུང་ཡི་གེར་འདྲི་བའང་མི་འོས་མོད། །འོན་ཀྱང་ཁེངས་དྲེགས་བཟང་འདོད་མ་ཡིན་པའི། །མ་འགྲུབ་ཚེ་ན་རང་ལ་རང་ཁྲེལ་འདེབས། །ཚུལ་བཞིན་འགྲུབ་ན་ཞེན་མེད་དགའ་བ་སྒོམ། །དེས་ན་བླ་མ་ཡི་དམ་ཆོས་སྐྱོང་ཚོགས། །བདག་གི་དམ་བཅའ་ཚུལ་བཞིན་འགྲུབ་པ་དང༌། །བསྒྲུབས་པའི་འབྲས་བུ་ཚུལ་བཞིན་འཐོབ་པར་མཛོད། །ཅེས་གསུངས་པ། རྗེ་མཁྱེན་བརྩེའི་གསུང་མགུར་ལས། དུས་དང་པོར་འཇིག་རྟེན་བྱ་བ་ཐོང༌། །དུས་བར་དུ་ཚེ་འདིའི་བྱ་བ་ཐོང༌། །དུས་ཐ་མར་ཆོས་ཀྱི་བྱ་བ་ཐོང༌། །ད་ཅི་ནུས་བྱ་བཏང་རྣལ་འབྱོར་བགྱིད། །ལུས་སྣ་ཚོགས་རྒྱན་གྱིས་རབ་བརྒྱན་ཀྱང༌། །རུས་ཤ་དང་པགས་པས་གཡོགས་པ་འདིས། །གོས་མཛེས་པས་བརྒྱན་ཀྱང་སྣང་ཤས་རྒྱུ། །ད་ཆ་ལུགས་ངན་ངོན་ཙམ་ལ་བརྟེན། །ཞེས་པའི་དོན་དང་མཚུངས་པར་མ་ཟད་ལྗོངས་འདིའི་མཁས་གྲུབ་ཆེན་པོའི་རྣམ་ཐར་ངོ་མཚར་བའི་གནས་འགངས་ཆེ་ཤོས་སུ་འདུག་ཅིང་ཞིབ་ཏུ་བརྟགས་ཚེ་ཞལ་གྱིས་འཆེས་པ་ཁོ་ན་མཛད་པར་ཡིད་ཆེས་ཀྱི་ངེས་པ་རྙེད་པས་དད་པའི་གསོས་བླ་ན་མེད་པའོ། །དེ་ནས་དྲང་སྲོང་སྲིན་པོ་རིའི་གནས་མཇལ་ལ་བྱ་བྲལ་འགྲོས་ཀྱིས་ཕེབས། དེའང་འབྲི་གུང་པས་པཎ་ཆེན་ཤཱཀྱ་ཤྲཱི་གདན་དྲངས་པའི་ཚེ་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་ཕྱག་རྒྱ་བ་རྫུན་ཆེ་ཞེས་སྐུར་པ་བཏབ་པའི་སྒྲིབ་སྦྱོང་དུ་རྗེ་བཙུན་མའི་ལུང་བསྟན་ལྟར་བདེ་མཆོག་གི་ལྷ་ཁང་བཞེངས་པའི་སྐུ་ཁྱད་པར་ཅན་དེའི་ཞབས་འོག་ཏུ་དར་སྐུད་འདྲོངས་པ་སོགས་བར་སྣང་མར་གྲགས་པ་ད་ལམ་ཁྱུད་གང་ཙམ་ས་ལ་མ་རེག་པའི་ངོ་མཚར་གྱི་བཀོད་པ་དཀོན་གཉེར་དང་ཞམ་འབྲིང་པས་མཚོན་དེར་འཁོད་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར། སྙན་དར་དང་ལྷ་བཤོས་མར་མེ་སོགས་མཆོད་སྤྲིན་སྤྲོས་ཏེ་བླ་མ་དང་དཔལ་འཁོར་ལོ་སྡོམ་པ་དབྱེར་མེད་ངོ་བོ་གཅིག་པའི་རྣལ་འབྱོར་གྱི་དབང་བཞི་བཞེས་པ་དང་བསྟན་འགྲོ་རྒྱས་པའི་སྨོན་ལམ་རྒྱ་ཆེར་འདེབས་པར་མཛད། དེ་ནས་གོང་དཀར་ཆོས་སྡེ་བརྒྱུད་རིམ་གྱིས་ཧོར་ཟླ་བཅུ་གཉིས་པ་ཉིས་བརྩེགས་ཀྱི་ལྕགས་འབྲུག་ཧོར་ཟླ་དང་པོར་རོང་ཁུ་ལུང་དུ་ཕེབས། རྗེ་བཙུན་མི་ལས་ལྷ་རྗེ་གནུབས་ཆུང་པར་དྲག་སྔགས་གཟའ་གདོང་དམར་ནག་གསན་ནས་ལས་སྦྱོར་གྱི་མཐུ་ཁང་ལག་མཐུས་གླགས་མི་རྙེད་པའི་ཆེད་དུ་ཐུར་དུ་བྲུས་པའི་ཕུག་པ་དེར་བྱོན་ཏེ་ནམ་ཟླ་གྲང་དུས་ཡིན་རུང་བྲག་ལས་སྒྲུབ་ཆུ་གློ་བུར་དུ་བབས་པ་ཕྱག་ཕྱི་བ་རྣམས་ཀྱིས་ལྕེ་ཐོག་ཏུ་མྱོང་ཞིང་ཡིད་ཆེས་ཀྱི་གནས་སུ་གྱུར། ཡུམ་བགྲེས་མོས་གསོལ་བ་བཏབ་པར་བརྟེན་གཞིས་ཀར་ཟླ་བ་ལྔ་ཙམ་གྱི་རིང་ལྗགས་བསྙེན་ཁ་གསོའི་སྐུ་མཚམས་དང་ཕྱོགས་འདུས་ཀྱི་སྣོད་ལྡན་རྣམས་ལ་དབང་འཁྲིད་ལུང་མན་ངག་སོགས་ཆོས་འཁོར་མཐའ་ཡས་པ་བསྐོར། དེ་ནས་བཀྲ་ཤིས་རྩེ་ཆོས་སྡེར་བྱོན། ཐུབ་གསུང་རིན་པོ་ཆེ་བཀའ་འགྱུར་རོ་ཅོག་ཡོངས་རྫོགས་ཀྱི་ལུང་རྒྱུན་ཉག་ཕྲ་བ་ཐུགས་ཀྱིས་མ་བཟོད་པའི་ཕྱོགས་གང་དང་གང་དུ་ཡོད་ཅེས་རྩད་གཅོད་གནང་ཡང་ངེས་ཁུངས་མ་ཆོད་པའི་མུར་ཀོང་པོ་གཏེར་སྟོན་འཇའ་ཚོན་སྙིང་པོར་ཡོད་པའི་གནས་ཚུལ་གསན་པར་བརྟེན་འདེགས་རྩིས་མཛད། མེ་བྱི་བྱར་དྭགས་རྣམས་ཀྱིས་གཙང་སྡེ་སྲིད་ཀྱི་ཞབས་འདྲེན་བྱས་པ་ནས་བཟུང་བཀག་པོ་མང་དུ་འཕེལ་བའི་དྭགས་ཀོང་ཕྱོགས་སུ་རྒྱུ་འགྲུལ་མི་བདེ་བ་ཡོད་པས་ཕེབས་པ་མི་འགབ་པ་ཞུ་མི་མང་བ་བྱུང་ནའང་གསན་འཇོག་མ་གནང་བར་ཆོས་ཀྱི་གདུང་ཤུགས་དྲག་པོས་ལྟོས་མེད་དུ་ཕེབས་པའི་དྭགས་པོ་རུའི་གྲུ་བཏོན་སྒམ་པོའི་གཞིས་ཀ་ཀླུ་མཁར་ཞོལ་དུ་བཞུགས་ནུབ་སྔར་ཞལ་འདྲིས་མེད་ཀྱང་གདུང་རྒྱུད་ནས་སྣེ་ལེན་དང་བཀག་པོའི་ཉེས་སེལ་ལ་སྡེ་པ་བཀྲ་ཤིས་རྩེ་པའི་སྐུ་སྐྱེ་ཡིན་ཟེར་བའི་བཙུན་པ་དྲག་པ་ཞིག་གིས་མགོ་བྱས་མི་བཅུ་གཉིས་ཙམ་ཕེབས་སྐྱེལ་དུ་བཏང་བའི་དྭགས་ལ་སྒམ་པོའི་ཕུ་གཉལ་ལ་མ་ཐེབས་ཙམ་གྱི་བྱང་སྟོངས་ན་ཆུ་ཆེན་པོས་བཅད་ནས་མི་ཐར་བར་ཐུག་ཚེ་བཀའ་ལས་ཡས་མས་ཚོར་འཁྱགས་ཟམ་ཡོད་འདྲ་ལྟོས་དང་གསུངས་པ་ལྟར་བྱ་རོག་ཅིག་གིས་སྣ་དྲངས་པའི་རྙེད་ནས་ཕ་རིར་བྱོན་པ་དང་འཁྱགས་ཟམ་བརྡིབ་པ་ན་སྣ་མོ་ཤག་གྲུབ་ཆེན་པས་མཆི་མ་འདོན་ཞིང་ཕྱག་མང་དུ་བཙལ་བླ་མ་ཁྱེད་ལ་ཐུགས་རྗེ་ཡོད་ཀྱང་ཡོད་བྱུང་ཡང་བྱུང༌།