ཞུས་ཤིང་ཇག་པ་ཁ་ཤས་འོང་པའང་ཆུར་མ་ཐར་བ་སོགས་ཆོམ་རྐུན་གྱི་འཇིགས་པ་ལས་གྲོལ་ཏེ་ཀུན་ཡ་མཚན་དུ་གྱུར། ཞབས་སྐྱེལ་བ་དམངས་ལ་ལ་འགྲོ་མ་འདོད་པའི་བྲོས་ཤིང་རྒད་བུ་ཞིག་ལུས་པས་ལམ་རྒྱུས་ཞུས་གཉལ་ལ་དེ་ཁ་བ་ཆེས་པས་ཁལ་རྣམས་དབར་སྐྱེལ་དང་རྐང་ལག་འཕྱིད་པ་ཁ་ཡར་སོགས་ཚང་མ་འོ་བརྒྱལ་བའི་ངང་ནས་ཕེབས་པའི་གནས་མལ་དུ་བཞུགས་ནུབ་ཕྱག་གཡོག་ཚོ་སྡོད་སའི་ཐོག་བརྡིབ་སྟེ་འུར་ཞོགས་ཆེའང་ཉེས་སྐྱོན་མ་བྱུང་བས་གཏེར་གསར་གྱི་སྲུང་མ་རྣམས་གཉན་པའི་འཚུབ་ཏུ་ངོས་འཛིན་མཛད། སང་ཉིན་བཤུལ་དུ་བཞུགས་སྐབས་ཕར་གནས་ཚུལ་གྱི་སྔོན་ཕར་གནང་བ་མདའ་རྒྱང་དོ་ཙམ་ནས་མི་ཞིག་དང་འཕྲད་དེ་གླེང་མོ་བྱས་ཡར་སླེབས་བྱུང་བ་གཏེར་སྟོན་གྱིས་ཕེབས་བསུར་བརྫངས་པའི་ང་ལ་དབོན་པོ་ཡིན་ཟེར་བས་ཁ་བཏགས་ཀྱི་ཕྱག་མཇལ་དང་སྤོས་ཆག་སྤར་བཞིན་པས་སྤྱན་དྲངས། ཁྱེད་དཔོན་སློབ་ལ་སུས་ཞུས་གནང་བས་སྐད་ཆ་མི་དགོས་ཁོ་རང་གིས་ཤེས་ཡོད་ཟེར་སྐད། གཏེར་སྟོན་དཔོན་སློབ་དགུན་ཚང་དུ་ཆོས་ཐོག་ལ་ཕེབས་པ་དང་འགྲིག་པར་དངོས་པོ་བརྒྱ་ཕྲག་ཏུ་ལོངས་པའི་འབུལ་བ་དང་བཅས་མཇལ། གཏེར་སྟོན་གྱིས་བཀའ་འགྱུར་ཐོག་མཐའ་བར་གསུམ་གྱི་ལུང་ལས་མཚན་ཉིད་པ་གསན་ཚོད་ཀྱང་མིན་འདུག །གཏེར་སྟོན་རང་གི་ཕྱག་གཡས་གཡོན་མཛུབ་མོ་གཉིས་སྦྲེལ་བའི་ཕྱག་རྒྱ་མཛད་ནས་ངེད་རང་དཔོན་སློབ་གཉིས་འདི་ག་བྱུང་བ་བཀའ་འགྱུར་གྱི་ལུང་ཡིན། ཕྱག་སོར་རྣམས་ཟླུམ་པོ། ཟླ་གམ། གྲུ་བཞི། གྲུ་གསུམ་དུ་མཛད་དེ་སྤོས་ཕོར་ནང་དུ་ཏིལ་བཏབ་པའི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཅིག་ཅར་དུ་གྲུབ་པ་སོགས་སྣང་ཚུལ་དང་གནས་ཚོད་མི་གཅིག་པའི་གྲུབ་ཐོབ་ཞིག་པོའི་རྣམ་ཐར་རྟོགས་དཀའ་བ་དང་མ་ནས་ཚད་ཐུབ་ཀྱི་གཏེར་སྟོན་དུ་ཐུགས་ངེས་ཤེས་འདྲོངས་པའི་གཏེར་གསར་ཡང་ཟབ་དཀོན་ཅོག་སྤྱི་འདུས། ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང༌། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ། ཞི་ཁྲོ་ངེས་དོན་སྙིང་པོ། རྟ་ཕག་ཡིད་བཞིན་ནོར་བུ་ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་རྣམས་ཀྱི་དབང་ལུང༌། སྒྲུབ་ཐབས་གསེར་ཆོས་མའི་ལུང༌། བི་མཱ་ལའི་སྙིང་ཏིག་གི་ཆོས་སྐོར། ཡང་རྫོང་སྙིང་ཏིག་གི་ཆོས་སྐོར། མཁའ་འགྲོ་སྙིང་ཏིག་གི་ཆོས་སྐོར་རྣམས་གསན། ཕར་ས་ལུགས་ཀྱི་ཆོས་སྐོར་ཁ་ཤས་འབུལ་བ་གནང༌། གཏེར་སྟོན་གྱི་རྣམ་ཐར་དུ་ལམ་འབྲས་དགོངས་བསྟད་མ་གསན་གསུང་བ་དགོངས་བསྟད་དང་ཐོག་མཐའ་བར་གསུམ་བྱེད་པས་ལུགས་ལ་མངོན་སུམ་མི་དགོས་རྨི་ལམ་དུའང་མི་སྲིད་ཅིང་རྗེ་འདི་ཉིད་ཀྱི་ཐུགས་ལ་ཡང་གནས་ཤོང་ཕལ་ཆེར་ཀྱེ་རྡོར་གྱི་དབང་དང་ཟབ་ལམ་གྱི་རྣམ་འབྱོར་ལྟ་བུ་གནང་བར་ལམ་འབྲས་སུ་མིང་བཏགས་པའི་རྟག་བརྟན་སྤྲུལ་སྐུའི་རྣམ་ཐར་ཞིག་དེ་རུ་སླེབས་པ་འདྲའོ། །གསུང་གླེང་ཞིག་ལ། གཏེར་གསར་ལུང་བསྟན་དུ། ནུབ་ནས་བྱང་སེམས་འགྲོ་འདུལ་ཉི་ཤུ་གཅིག༔ སྟག་ཡོས་ལོ་པ་རང་རྟགས་དཔྲལ་སྨེ་ཅན༔ ཞེས་པ་ཉིད་ཡིན་པར་འདུག་ཅེས་ངོས་འཛིན་མཛད་པ་ལྟར་དགུང་ལོ་ཡོས་དང་དབུ་དཔྲལ་ལ་སྨེ་བ་ཉིས་བརྩེགས་ཡོད་པར་དེར་ཚོགས་རྣམས་ངེས་པ་རྙེད་ཀྱང་རྗེ་བླ་མ་བདག་གིར་ཆེར་མི་མཛད། གཞན་ཡང་གཏེར་སྟོན་རྗེ་ལྕགས་ཟམ་པར་འཁྲུངས་པའི་དུས་ལྕགས་ཟམ་ཐེན་པའི་སྤྲུལ་པའི་གྱད་དུ་གྱུར་པ་དང་རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན་ཚུལ་ཁྲོམ་བསྒྲགས་སུ་གསུངས་པ་སོགས་ཐུགས་ཡིད་གཅིག་ཏུ་འདྲེས། གཏེར་སྟོན་གྱི་དུས་ཚོད་འདི་གང་འདྲ་ཡོང་མི་ཤེས་པས་ཡར་མགྱོགས་ཙམ་ཕེབས་གསུང་བ་ཟླ་ཤས་ནས་གཙང་སོག་གི་བདེ་གཟར་ལངས་པ་སོགས་མཁྱེན་པར་སྣང༌། ཡར་ལམ་ཡང་འདུལ་གྱི་གཙུག་ལག་ཁང་བུ་ཆུར་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་སོགས་གནས་རྟེན་མཇལ་ཞིང་མཆོད་འབུལ་དང་སྨོན་ལམ་གནང༌། དུང་མཚོར་ཚོང་དཔོན་བཀྲ་ཤིས་ཀྱིས་གཙོས་པ་རྣམས་ཀྱིས་ཇ་སྣམ་ཕྲུག་གི་འབུལ་བ་དང་བཅས་བྱིན་རླབས་དང་ཆོས་འབྲེལ་ཞུས། གཏེར་སྟོན་སངས་རྒྱས་གླིང་པའི་གདུང་བརྒྱུད་ཀྱི་ཇོ་མོ་སྒམ་པོའི་ལྕམ་གྱིས་གཞིས་ཀར་མཇལ་ནས་གཞིས་ལེན་བསྟབ། སང་ཉིན་ཕུའི་གནས་སུ་བྱོན་ཤོག་སེར་དམ་རྫས་སོགས་རྟེན་རྣམས་ཞིབ་ཏུ་མཇལ། ང་ལར་ཕེབས་མཚམས་དགས་པོ་གྲོ་ལུང་གི་ཨྱོན་ཟེར་བའི་རྩུབ་སྤྱོད་ཅན་དེའི་མ་རུངས་པའི་བློ་ཞི་སྟེ་ཞབས་འདྲེན་མ་ཞུས་པར་མ་ཟད་བྱིན་རླབས་ཞུ་བས་མཚོན་གུས་པའི་རྣམ་འགྱུར་བྱས།