ཤེར་ཕྱོགས་དང་མདོ་མང་གཉིས་ཕྱོགས་ཀུན་ཏུ་འཚོལ་བ་གནང་བས། འཐོར་ཀློག །ལྕགས་རི་མ། དབའ་བཤུར་མ། ཐོག་མཐའ་བར་གསུམ་སོགས་ཉན་བཤད་ཀྱི་གཟུགས་བརྙན་ཙམ་ལས་མཚན་ཉིད་དང་ལྡན་པ་མ་བྱུང་བ་སྡེ་པ་རྣམ་གླིང་པ་སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ་ལ་མཐར་ཆགས་སུ་ཆད་མེད་ཀྱི་ཀློག་ལུང་ཡོད་པའི་ཁུངས་ཆོད་པར་བརྟེན་ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེར་གཡུ་པད་གསེར་དངུལ་སོགས་སྐུ་ཆས་ཀྱི་མཐུན་རྐྱེན་གྱ་ནོམ་པ་དང་བཅས་ལྷོ་བྲག་ཕྱོགས་སུ་རྫོང་བདའ་གནང་བ་དྷཱི་ཚ་སྤྲུལ་པའི་སྐུར་བླ་མ་ཚོགས་གཉིས་དཔལ་གྲུབ་ཀྱིས་ལུང་ཕུལ་བའི་ཤེར་ཕྱོགས་རྫོགས་མཚམས་དང་འགྲིག་པའི་སྐོར་ཅིག་གསན་མ་ཐུབ་རུང་མདོ་མང་རྣམས་རྫོགས་པར་བྱུང་བ་དམ་པའི་ཆོས་ཀྱི་སྐྱེས་བཟང་པོ་དང་བཅས་བྱོན་པར་ས་བྱི་ལོ་གསན། དེའང་ངེད་རང་ཚར་ལུགས་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཆོས་ལ་ཤིན་ཏུ་མོས་ནའང་ཡུལ་དུས་གནས་སྐབས་ཀྱི་མོས་པ་ལམ་བྱེད་དུ་ལུས་ཤིང་ཟུར་ཐམས་ཅད་མཁྱེན་པ་ཟབ་ལམ་ནཱ་རོ་མཁའ་སྤྱོད་གསན་བཞེད་པ་ཉེ་སྐོར་ཚོར་གསན་ཡུལ་གཞན་མ་རྙེད་པའི་ཆོས་རྗེ་རབ་འབྱམས་པ་ཀུན་དགའ་ལྷུན་གྲུབ་ཀྱི་ཞལ་སློབ་དགེ་སློང་རི་ཁྲོད་པ་ཞིག་ལ་ཡོད་པ་ཁུངས་ཆོད་རུང༌། དེ་ལ་ཉམས་ལེན་ལས་སྤྲོས་པའི་འཆད་ཉན་ཚད་ལྡན་ཡོད་མི་ཡོང་སོམ་ཉིར་གྱུར་པའི་ངང་ལ་ལུས་པའི་མུར་འ་ཞའི་རྡོ་རྗེ་འཛིན་པ་ཞ་ལུ་ནས་སྐུ་མཚམས་གྲོལ་འཕྲལ་ཕེབས་ལམ་དུ་བཤད་དྲགས་པས་སྐྱ་བབས་ཀྱི་སྐུ་མ་བདེ་བ་ལ་རོང་ནས་དྲུང་འཚོ་དབོན་པོ་གདན་དྲངས་པའི་སྐུའི་འཕྲོད་བསྟེན་དང་མཆོད་ཡོན་གྱི་དགོངས་བབས་ཐུགས་ལྷུས་མ་ཐིངས་པའི་མངོན་ཆུང་ལྟ་བུར་བཞུགས་གཤིས་མེ་ཕག་གི་དབྱར་བར་གནས་ཚུལ་ཞིབ་པ་མ་ཐོས་ཤིང་སྟོན་མཇུག་ཉེ་ལེན་གྱི་ཡི་གེ་ཕུལ་བར་ལན་ཚིགས་བཅད་མ་ཞིག་བྱུང་བས། འདི་གནས་བསྐུལ་མ་དང་རྗེ་བླ་མའང་ཕེབས་བཞེད་འདོམ་པའི་ས་བྱི་ཟླ་བ་དང་པོ་ཉིས་བརྩེགས་ཀྱི་སྔོན་མར་ཡར་ཀླུངས་སུ་ཐེགས་ནས་ཟླ་གཅིག་གི་བར་ཆོས་སྡེར་བཞུགས། དཔོན་སློབ་གཉིས་སྔར་ནས་འདྲིས་པ་ལྟ་བུའི་ཐུགས་ནང་དག་ཅིང་དགྱེས་རྩེར་སོན་པའི་ཟུར་ཀུན་མཁྱེན་ཆེན་པོར་ཀྱེ་རྡོར་མན་ངག་ལུགས་རས་བྲིས་ལ་བརྟེན་པའི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཉམས་ཁྲིད་ཤིན་ཏུ་ཞིབ་པ་ཆོས་སྐོར་ཡོངས་རྫོགས། ཨིནྡྲ་དང་མཻ་ཏྲི་མཁའ་སྤྱོད་གཉིས་ཀྱི་ལུང༌། །རེགས་བྱེད་མའི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ལྷ་ལྔའི་བྱིན་རླབས། ཚོགས་བདག་གི་ཐུན་མོང་བའི་རྗེས་གནང༌། དམར་པོ་སྐོར་གསུམ་གྱི་ལུང༌། དམར་ཆུང་སྐོར་གསུམ་གྱི་རྗེས་གནང་དང༌། ཆོས་སྐོར་ཡོངས་རྫོགས་ཀྱི་ལུང༌། ཞལ་བསྙེན་དུས་ཀྱི་རྗེས་གནང༌། གསང་ཁྲིད་མ་གཏོགས་རྗེ་ཚར་ཆེན་གྱི་དཀར་ཆག་ལྟར་གྱི་བེའུ་བུམ་དང་ཧ་ལ་ནག་པོའི་སྐོར་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། གསེར་ཆོས་ཀྱི་དམར་པོ་སྐོར་གསུམ་གྱི་གདམས་པ་ཟབ་གྲགས་ཆེས་པས་མཁས་གྲུབ་ཆེན་པོ་བོད་མཁར་བ། སྤྱན་སྔ་རིན་པོ་ཆེ། ཆོས་རྗེ་ཀུན་དགའ་ལྷུན་གྲུབ་གསུམ་སྡེ་པ་དགའ་ལྡན་པའི་བླ་མར་གྱུར་པ་སོགས་འཕྲིན་ལས་ཆེས་པ་ལ་སྐྱིད་ཤོད་ཕྱོགས་སུ་ངན་དོགས་ཀྱི་དབང་སྡུད་ཡོད་ཟེར་བའི་སྒྲོ་སྐུར་ཐུགས་ལ་མངའ་བ་དང༌། ཕག་མོ་གྲུབ་པ་དང་ཤེན་རྡོར་སེང་གཉིས་ཀྱི་ལོ་རྒྱུས་ལྗགས་ལུང་གི་དུས་གསན་པས་ཀྱང་རྐྱེན་བྱས་རྗེ་འདིའི་མཆོད་གྲལ་དུ་འཕེལ་གདུང་བཞུགས་པའི་བ་སོའི་ཟེའུ་ཞིག་ཡོད་འདུག་པ་དེར་དབང་སྡུད་ཀྱི་འཁོར་ལོ་མེད་དམ་དགོངས་པའི་ཐུགས་རྟོག་འཕྲོས་པ་མཁྱེན་ཏེ་གཟིགས་འབུལ་དགོས་འདུག་གསུངས་ནས་ཟ་མ་ཏོག་ཁ་ཕྱེ་ནས་སྤྱན་འབེབས་ཕུལ་བས་མངོན་མཁྱེན་ལ་ཐུགས་ཡིད་ལྷག་པར་ཆེས། ཚུར་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་ལ་དག་སྣང་དུ་སློབ་དཔོན་ཆེན་པོས་གནང་བའི་ཚེ་དབང་ཧྲཱིཿགཅིག་མ་གསན་ཅིང་འདོད་ཆོས་མང་ཙམ་ཞུ་བའི་སྙན་གསན་མཛད། ཧོར་ཟླ་དྲུག་པའི་ནང་དུ་ཁྱབ་བདག་བཀའ་འགྱུར་བ་སྐྱིད་ཤོད་དུ་ཆིབས་ཁ་བསྐྱོད་དེ་འབྲས་སྤུངས་སུ་ཞག་ཤས་སུ་བཞུགས་རིང་ངོས་མཇལ་ཁ་ཡར་བྱུང་བའི་ཐོག་མའི་ཉིན་ཆོས་ཀྱི་གསུང་གླེང་གནང་བ་ཙམ་ནས་མོས་གུས་ཀྱི་དད་པ་ལྷག་པར་འཕེལ། ཆོས་འབྲེལ་དགོས་ཚུལ་ཕེབས་པ་བཞིན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་གྲུབ་ཆེན་དཔལ་ལྡན་རྡོ་རྗེས་གནང་བའི་ཚེ་དབང་ཉེ་བརྒྱུད།