འཚོ་རྒྱལ་ཕུག་ཏུ་གསོལ་འདེབས་ལེའུ་བདུན་མའི་སྐབས་སྐུ་ཆོས་ལ་ཚེ་ཆུ་ཐིགས་པ་རེ་གཉིས་བབས་པ་ཇེ་འཕེལ་ལ་སོང་བ་ནས་དཔོན་སློབ་ཐམས་ཅད་ལ་མཆོད་རྒྱུ་བྱུང་ཞིང་སྣོད་དུ་བླུག་སྟེ་བསྣམས་ཕེབས་རྒྱུ་སོགས་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དེས་རྗེས་སུ་བཟུང་བའི་མཚན་མ་ཁྱད་པར་ཅན་དུ་གདའོ། །ཟུར་ཀུན་མཁྱེན་ཆེན་པོར་གསན་པ་བླ་མ་ནོར་བུ་རྒྱལ་མཚོའི་སྒྲུབ་དབང༌། བཀའ་བརྒྱད་བདེར་གཤེགས་འདུས་པའི་དབང༌། རཏྣའི་ཀློང་གསལ་སྙིང་ཐིག་གི་ཆོས་སྐོར། དམ་ཅན་སྐྱེས་བུའི་སྲོག་དབང་ལུང་བཅས། གཤིན་རྗེ་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག །ཁྲོ་ཆུ། དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་རྣམས་ཀྱི་དབང་ལུང་ཡོངས་རྫོགས། རླུང་དམར་གྱི་སྐོར། རྡོར་འབུམ་ཆོས་གྲགས་ཀྱི་བདུད་རྩི་བུམ་པ་དང༌། གཡུ་ཐོག་སྙིང་ཐིག་གཉིས་ཀྱི་དབང་ལུང༌། བྲང་ཏིའི་གདམས་ངག་དངུལ་བྲེའི་དྲང་སྲོང་སེར་སྐྱའི་སྒྲུབ་ལུང༌། སངས་རྒྱས་གླིང་པའི་རྣམ་སྲས་སེར་ཆེན་གྱི་སྲོག་དབང་ལུང་བཅས། གྲ་པའི་ཞང་བློན་ལས་ཚོགས་ཀྱི་ལུང༌། ལས་འབྲེལ་རྩལ་གྱི་བདུད་མགོན་གྱི་བཀའ་གཏད་དྲེགས་དབང་ལུང་བཅས། འབྲོ་ལོའི་ཁམས་གསུམ་འཁྲུག་བྱེད་རླུང་ནག་གི་སྐོར། བྲམ་ཟེ་སྡོམ་བཟང་གི་རླུང་འཁོར། བླ་མ་ཞང་གི་བཀའ་འབུམ་པོད་བཞི་བཀའ་རྒྱ་མ་དང་བཅས་པ། སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་བཅས་སོགས་ཆོས་བཀའ་མཐའ་ཀླས་པ་གསན། འདི་དང་ལྕགས་སྟག་གི་ཆོས་འཁོར་གྱི་འདུས་པ་དང་གཉིས་ཀྱི་གཙོ་བོ་སྐྱེད་ཚལ་མཁན་ཆེན་བྱམས་པ་ངག་དབང་བསྟན་འཛིན་ཡོད་པར་སྣང་ངོ༌། །ཧོར་ཟླ་དགུ་པའི་ནང་དུ་ཁྱབ་བདག་བཀའ་འགྱུར་བ་འབྲས་སྤུངས་སུ་ཕེབས་ནས་ཕ་དམ་པའི་འཆི་མེད་མགོན་པོར་བརྟེན་པའི་རིང་པོར་འཚོ་བའི་རྟེན་འབྱུང་གི་གསུང་ཆོག་རྒྱས་པར་གནང༌། རྗེ་མཁྱེན་བརྩེའི་གསུང་མགུར་དུ། ཡོངས་བླ་མ་བསྟེན་པ་མང་ན་ཡང༌། །ཁོང་སློབ་འཁོར་རྒྱས་པའི་འུར་རྒྱང་ཅན། །སྒྲོབ་གང་ཆེའི་རྗེས་སུ་རྒྱུག་པ་ལས། །རྗེ་མཚན་ལྡན་བསྟེན་པ་དཀོན་ན་ཡང༌། །དཔལ་རྒྱལ་བ་ཀུན་དངོས་སྒོ་རུམ་པ། །སྲས་ཚར་པའི་ཞབས་པད་བསྟེན་ལགས་པས། །བདག་སྤྲང་པོ་བསམས་བཞིན་སྐྱིད་དུ་ཚོར། །ཁྱེད་མཆེད་གྲོགས་ཚོའི་ཐུགས་ལ་ཇི་ལྟར་གདའ། །ཞེས་པའི་དོན་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་ལ་གུས་པར་བྱུང་བས། །ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཟབ་ལུང་བདེར་གཤེགས་འདུས་པའི་སྐུ་བརྙན་དྲུང་དུ་མཛད་པའི་ཨྱོན་རིན་པོ་ཆེའི་གསོལ་འདེབས་ཀྱི་ལུང་དང་ཚར་ཆེན་གྱི་ཕྱག་དཔེ་ངོས་མའི་ཧ་ལ་ནག་པོའི་བེའུ་བུམ་མགོ་ཐོག་ཏུ་འཇོག་པ་གནང་བའི་བཀའ་བསྒོ་ཞིག་ཞུས་ཕེབས་རྫོངས་གཟབས་རྒྱས་དང་བཅས་ཡར་ལམ་ཟུར་ཀུན་མཁྱེན་བླ་མ་དང་ཞལ་རྒྱས་ངོས་རྒོད་དཀར་ལ་བརྒྱུད་དཔལ་ཟན་གཡང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་ཕེབས་ཏེ་དབུ་རྩེ་རིགས་གསུམ་ཡཀྴ་བླ་འོག །གླིང་བཞི། གླིང་ཕྲན། ཇོ་མོའི་གླིང་གསུམ་དང་བཅས་པའི་རྟེན་བརྟེན་པ་རྣམས་ལ་དཀར་མེ་སྙན་ཤལ་སོགས་ཀྱི་ཚོགས་གསོག །བཤད་སྒྲུབ་ཀྱི་རིང་ལུགས། སྐྱེ་རྒུའི་ལེགས་བྱས་འཕེལ་བའི་སྨོན་ལམ་གྱིས་མཚམས་སྦྱར་བའི་དུས་མཁན་ཚང་བ་དང་རབ་བྱུང་བ་རྣམས་ཀྱིས་ཞབས་དྲུང་སྒར་ཆེན་ཞིང་ཁམས་གཞན་དུ་གཤེགས་ནས་ལྕོག་ཏུ་རང་ལུགས་ཀྱི་བླ་མ་ཕེབས་མཁན་གཞན་མ་བྱུང་གཤིས་ད་ལམ་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་དང་འགྲིག་པས་ངོས་མཇལ་འགབ་ཞུས་རུང་སྙན་དར་དང་དམོད་ནས་ཙམ་ཕུལ་བས་འཐུས་རྩིས་ལ་སྨོན་གྲོང་གི་དྲེའུ་གཡར་པོ་བཅད་འབངས་པའི་མཛོས་བརྡུངས་པ་མ་མཇལ་ན་འཁྲེན་པའི་བརྡར་དགོངས་ཏེ་ལྕོག་ལ་ཕེབས་པ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་གནོད་སྦྱིན་ཙིའུ་དམར་པོ་ཁོག་ཏུ་བརླམས་པ་རྡོ་སྐྱགས་མགོར་བསུ་བར་ཕེབས་ནས་ཁྲོམ་པ་རྣམས་ལྷ་རྒྱལ་ལན་གསུམ་ཐེན་བཅུག་ཅིང་དགྱེས་པའི་རྣམ་འགྱུར་མཛད། སྡེ་པ་སྟག་རྩེ་བས་དུང་ཆེན་གསར་བརྡུངས་སྤྱན་འབེབས་ཞུས་པ་ད་རེས་མཁན་པོ་བྱོན་པ་དང་འགྲིག་པ་རྟེན་འབྲེལ་གྱི་སྒོ་ཡོད་པས་ཕྱོགས་བཞི་ནས་འབུད་དུ་བཅུག་པ། ཇི་སྐད་དུ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་ཉིད་ཉེ་བར་མི་གནས་ཀྱང༌། །རང་ཉིད་ཉམས་པ་མེད་ལ་ལྟོས།