།ཞེས་པ་ལྟར་རྗེ་བླ་མ་དག་ཞིང་དུ་གཤེགས་ནས་ལོ་བཅོ་བརྒྱད་ཙམ་སླེབས་ཀྱང་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པའི་གྲགས་སྙན་ཕྱོགས་བྲལ་གྱི་རྣ་བའི་རྒྱན་དུ་ཇེ་ཆེར་འཕེལ་བའི་བརྡར་མངོན། སྔོན་དགེ་སློང་ནག་པོ་སོགས་ཀྱི་སྐྱེ་རྒྱུས་བྷ་ཏ་ཧོར་གྱི་སྒོམ་གྲ་ནས་བྱོན་ཏེ་གུ་རུ་པདྨས་གཙུག་ལག་ཁང་གི་སྲུང་མར་བསྐོས་པ་ནས་ད་བར་མ་ཉམས་པར་མཛད་ལུགས་ཀྱི་རྒྱུ་མཚན་རྒྱས་པར་གསུངས་པའི་ཚེ་རྗེ་ཉིད་ཀྱིས་ཤིན་ཏུ་ལེགས་ཚུལ་དང་དགེ་རྒྱས་འདི་བྱེ་མའི་གནོད་པས་འཇིག་པར་ཉེ་བ་ཆོས་སྐྱོང་ཆེན་པོའི་རྫུ་འཕྲུལ་གྱིས་ཞི་བ་བྱུང་ན་ཞེས་ཞུས་པའི་ལན་དུ་སྤྱིར་འགྲོ་བའི་ལས་གཙོ་ཞིང་སྒོས་སུ་གཟུགས་ཅན་གྱི་མིས་མ་བྱས་ན་ངེད་གཟུགས་མེད་ཀྱིས་དཀའ་གསུང༌། དམོད་ནས་དང་བཅས་བསྟན་འགྲོའི་ཕན་བདེ་སྒྲུབ་པའི་འཕྲིན་བཅོལ་དང་འགྲོ་བ་རྣམས་ཀྱང་མི་དགེ་བར་སྤྱོད་པ་ཤས་ཆེ་བས་མི་ལུས་ཐོབ་པའང་དཀའ་མོར་མཆིས་པ་ཞིང་བཅུ་ཚང་བའི་རིགས་མ་གཏོགས་སྐྱེ་འགྲོའི་སྲོག་དབུགས་ལ་གནོད་པ་མཛད་ན་མི་ལེགས་ཚུལ་ཞུ་བ་གནང་བར་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་བྱ་ར་བྱེད་ཅིང་བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་དགྲ་བགེགས་ནི་སྔར་ཡང་ཚར་བཅད་ད་རུང་གུ་རུ་པདྨའི་བཀའ་ལས་མི་འདའ་དེ་མིན་སྡུག་འདྲེས་སེམས་ཅན་ཚོར་གནོད་པ་ག་ལ་བྱེད། འགྲོ་བ་རྣམས་ཀྱིས་སྡིག་པ་མི་དགེ་བ་བསགས་པའི་འབྲས་བུ་སྡུག་འདྲེའི་རྣམ་པ་ཤར་བ་ཡིན་པས་བྱ་ཐབས་ག་ལ་ཡོད་གསུངས་པར་རྗེས་སུའང་ཐུགས་ངེས་ཤེས་འདྲོངས་པར་སྣང༌། སྔར་ཁྱེད་ཀྱིས་མཛད་ཟེར་རྒྱུ་མིན་ཀྱང་སྡུག་འདྲེར་དམིགས་པའི་སྲུང་མདུད་མངས་ན་བར་ཆད་ཀྱི་རྒྱུར་འགྲོ་བས་མི་འགབ་ཚུལ་གསུང་བའི་ཤུགས་བསྟན་ཆེད་དུ་དམིགས་ནས་བསྐྱེད་ཆོག་མཛད་པ་རེ་གཉིས་ལ་སྔོན་རྗེ་བཙུན་རྡོ་རིང་པ་ཆེན་པོར་གནས་རྙིང་རྒྱལ་པོས་ཁས་བླངས་པ་དང་འདྲ་བར་སེམས་ཤིང་སླར་སྐུ་རིམ་སོགས་བླང་དོར་གྱི་ལུང་བསྟན་ཞིབ་ཏུ་མཛད། རྡོ་སྐྱགས་མགོའི་བར་ཕེབས་སྐྱེལ་ཞུས་ཤིང་མཆོད་རྟེན་དམར་པོ་བའི་བཙུན་པས་སྟག་ལུང་ཞབས་དྲུང་ཕེབས་པ་ལས་འཚུབ་པ་དང་ད་རེས་ལས་འཇམ་པ་མ་དྲན་ཟེར་བ་ནི། རྗེ་མཁྱེན་བརྩེའི་གསུང་མགུར་ལས། ཕྱི་རོལ་གྱི་དྲེགས་པ་རྒྱུད་གསུམ་པོ། །རང་སེམས་ཀྱི་རྩལ་དུ་རང་ངོ་འཕྲོད། །ཡིན་ལུགས་ཀྱི་ཤེས་པ་ལྷུག་པ་ལ། །བཟོ་བཅོས་མེད་པ་བླ་མའི་དྲིན། །ཞེས་པའི་དོན་བཞིན་གསང་ལས་ཡང་གསང་སྙིང་པོའི་མན་ངག་གི་ཆེ་བའོ། །རིམ་གྱིས་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོར་ཕེབས། ཞོལ་ནས་ནང་པ་ཤོད་པ་པས་སྤྱན་དྲངས་ཏེ་ནང་མི་དམངས་ལ་ཚེ་དབང་གྲུབ་རྒྱལ་མ་དང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས། ཚོང་དཔོན་ཕུན་ཚོགས་ཁྱོ་ཤུགས་གཉིས་ལ་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ་དང༌། རྣམ་སྲས་སེར་ཆེན་གྱི་རྗེས་གནང་སྩལ། དབང་གཏོར་གྱི་ཁང་བརྩེགས་དེ་ལོ་འཁོར་དུ་བཞག་པ་སོས་ཀའི་ཚ་བ་དང་གཏོར་མ་བཞག་པའི་ནང་དེར་ལོ་རོ་བ་ལྔ་ཙམ་གྱིས་མཆོད་ཀོང་དང་ཏིང་སོགས་བླུག་པའི་མེ་དུགས་རྣམས་འདོམས་ནའང་རྒྱན་སྤྲོད་ཀྱི་མར་མ་ཞུ་ཞིང་བག་རྡུལ་གྱིས་བཀྲག་མ་ཉམས་པས་མཚོན་སྐྱོན་གང་ཡང་མ་བྱུང་གནོད་སྦྱིན་ངལ་བསོས་པོ་འདོད་རྒྱལ་གྱི་ལྕགས་ཀྱུས་བཅུག་པའི་རྟགས་མཚན་མངོན་སུམ་དུ་གསལ་བ་དེའོ། །ས་མོ་གླང་ལོར་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ལྷོ་བྲ་ཉི་ལྡེར་དྷཱི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་གི་དྲུང་དུ་ཤེར་ཕྱོགས་སྐོར་གསན་པར་རྫོང་བདའ་གནང༌། ཕེབས་སྒོ་བཞིན་གསོལ་ཆས་རྣམས་དོ་བོ་རྫོང་ནས་འཚེམས་མེད་དུ་བསྟར། དབྱར་ཟུར་ཀུན་མཁྱེན་ཆེན་པོས་ཡར་ཀླུངས་སུ་ཕེབས་པར་མགོན་པོ་ལྷ་བརྒྱད་དང་བཅུ་གཉིས་མ་ཐུན་མོང་མ་ཡིན་པ། དུད་སོལ་མའི་རྗེས་གནང་ནན་ཆགས་མ། པུ་ཏྲ། བེར་ནག་ཟངས་གྲི་ཅན་ཕྱི་ནང༌། བྲན་བདུད་ཐུན་མོང་བ། ལས་སྦྱོར་གྱི་མགོན་པོ་གླང་གདོང་མ། ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་སེར་ཆེན་སྨད་ལུགས། དཀར་བདུད་ལྕམ་དྲལ་རྣམས་ཀྱི་རྗེས་གནང༌། ཡང་གསང་ཁྲོས་པའི་རྫོང་ཆུང་ཚེ་དབང༌། བྱང་གཏེར་འཆི་མེད་འོད་སྣང་གི་དབང༌། དྲག་པོ་དབུ་དགུའི་རྩ་དབང༌། ཚེ་དཔག་མེད་གྲུབ་རྒྱལ་ལྷ་གཅིག་བུམ་གཅིག་མ། ཚེ་སྦྱིན་དཀར་པོ་ཞག་བདུན་མ།