R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): [-]
ཚར་ཆེན་གྱི་བཀའ་འབུམ། བླ་མ་དམ་པ་དང་མུས་ཆེན་གྱི་ཀྱེ་རྡོར་མངོན་རྟོགས། དཀྱིལ་ཆོག་བྱ་བྲལ་མ། སྒོ་རུམ་པའི་རྣམ་ཐར་རྗེ་མཁྱེན་བརྩེས་མཛད་པ་སོགས་དགོངས་བཞེད་ཀྱི་ཆོས་བཀའ་མང་དུ་འབུལ་བ་གནང༌། རྗེ་ཁྲ་ཚང་པ་ཆེན་པོ་ལྷོ་བྲག་ནས་ཕྱིར་ཕེབས་པ་ལ་བརྒྱད་སྟོང་པ་མ་གཏོགས་པའི་ཤེར་ཕྱོགས་ཡོངས་རྫོགས་ཀྱི་ལུང་གསན་དུས་གསུང་ངག་ལམ་འབྲས་དང་རྡོ་རྗེ་ཕྲེང་བ་སོགས་སྤྱི་བཀའ་ཟུར་བཀའ་མང་ཙམ་ཞུ་བའི་སྙན་གསན་འབེབས་པར་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཐུགས་ཁུར་བཞེས་ནས་རྒྱལ་རྩེ་སྨན་གྲོང་ཚེ་དབང་དར་རྒྱས་རྫོང་བདའ་མཛད། ཤེར་ཕྱོགས་ཀྱི་ལྗགས་ལུང་འཕྲོ་གསན་དགོས་དང་ཕྱག་དཔེ་གཟིགས་རྟོག་སྦྲགས་པའི་ཐུགས་བྲེལ་ཁྱད་ཀྱི་ཟླ་བ་ཕྱེད་གཉིས་ཙམ་ནས་འབྱོན་པའི་དུས་ཚེས་བསྒྲིགས། ཧོར་ཟླ་བཅུ་པའི་འགོར་རྒྱལ་ཁབ་ཆེན་པོ་ཕོ་བྲང་པོ་ཏ་ལར་ཕེབས་ཏེ་ཐོག་མར་རྟེན་འབྲེལ་གྱི་ཁྱད་ནས་ཚེ་དཔག་མེད་གྲུབ་རྒྱལ་མའི་བསྐྱེད་རྫོགས་ཀྱི་ཉམས་འཁྲིད་དང་ཚེ་དཔག་མེད་དཀར་པོ་ཆག་ལུགས་ཀྱི་རྗེས་གནང་སྩལ་བའི་སྔ་དྲོ་ལི་མ་ལྷ་ཁང་དུ་གསུང་ངག་གི་ཁྲིད་དང་དགོངས་ཇ་ཁར་རང་བྱུང་འཕགས་པའི་ལྷ་ཁང་དུ་དབང་རྗེས་གནང་གི་རིགས་རིམ་གྱིས་གནང་བར་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཉམས་ཁྲིད་སྨིན་རྒྱས། རྒྱུ་དབང༌། ལམ་དབང༌། བདག་མེད་ལྷ་མོ་བཅོ་ལྔའི་དབང་བྱིན་རླབས་ཀྱི་སྐོར་རགས་རིམ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། རྒྱབ་རྟེན་གྱི་ལུང༌། རྡོ་རྗེ་ཕྲེང་བ་ཞེ་ལྔ་མ། བདེ་མཆོག་ལཱུ་ཨི་པའི་དབང་བཀའ་བབས་བདུན་ལྡན། ནག་པོ་པ། མཁའ་འགྲོ་རྒྱ་མཚོའི་དབང་བཀའ་བབས་བཞི་ལྡན། གཤིན་རྗེ་དགྲ་ནག་ར་ལུགས་བཅུ་གསུམ་མ། གདན་བཞི་ལྷ་དགུ་བཅུ་རྩ་བདུན་མ། བདེ་མཆོག་བོང་ཞལ་ཅན་ལྷ་སོ་བདུན་མའི་དབང༌། གསང་བ་འདུས་པ་ས་ལུགས་ལྷ་བཅུ་དགུ་མའི་དབང༌། གཤེད་དམར་ལྷ་ལྔའི་དབང་བརྒྱུད་པ་སུམ་ལྡན། འཇིགས་བྱེད་ལྷ་ཞེ་དགུ་མ་དང་རོ་ལངས་བརྒྱད་སྐོར། ཀུ་རུ་ཀུལླེ་ལྷ་ལྔ། གུར་མགོན་ལྷ་ལྔ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ། དམ་པ་ལུགས་ཀྱི་འཇམ་དབྱངས་སྨྲ་སེང་གི་དབང༌། ཛེ་ཏཱ་རི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང༌། དེའི་སྒྲུབ་ཐབས་དབང་ཆོག་བསྟོད་པ་ཛེ་ཏཱ་རིས་མཛད་པ། དཀོན་ཅོག་ལྷུན་གྲུབ་ཀྱི་དཀྱིལ་ཆོག་དང་བཅས་པའི་ལུང༌། འདོད་རྒྱལ་གསང་སྔགས་སྒྲའི་རྗེས་གནང༌། བྲམ་ཟེ་ནག་པོའི་མངག་གཏད་ཐུན་མོང་མ་ཡིན་པ། འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང༌། དེའི་སྒྲུབ་ཐབས་ས་པཎ་གྱིས་མཛད་པ་དང་རྗེས་གནང་གི་ཡི་གེ་ངོར་ཆེན་གྱིས་མཛད་པ། བརྟག་གཉིས། ཚེ་མདོ་ལེ་ཚན་གཉིས། མི་འཁྲུགས་པའི་རྒྱུད་རྣམས་ཀྱི་ལུང༌། གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང༌། མཚན་བརྒྱ་རྩ་བརྒྱད་པའི་ལུང་དང་བཅས་པ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཀྱི་ཆོ་ག་ཚར་ཆེན་གྱིས་མཛད་པ་དང་རྗེ་ཉིད་ཀྱིས་མཛད་པའི་གུར་མགོན་གྱི་སྐུ་རྟེན་བཞེངས་ཚུལ་རབ་གནས་དང་བཅས་པའི་ལུང༌། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཉམས་འཁྲིད། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲགས་ཐུན་མོང་མ་ཡིན་པའི་རྗེས་གནང་རྣམས་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་སྩལ་ཞིང་གསེར་དངུལ་གོས་དར་ཇ་རས་འབྲུ་སོགས་ཟང་ཟྀང་གི་མཎྜལ་ཆོས་ཡོན་དུ་བཏེག །དེ་ཡང༌། ཀུན་མཁྱེན་མཁྱེན་བརྩེའི་གསུང་མགུར་ལས། སྤྲང་པོ་ལས་ངན་གྱི་དབང་གིས་སྙིགས་དུས་མཐའ་འཁོབ་ཏུ་སྐྱེས་ཀྱང༌། །ཚེ་སྔོན་དག་པའི་སྨོན་ལམ་གྱིས་མཚན་ལྡན་བླ་མ་དང་མཇལ་ནས། །ཐོས་དཀའ་རྟོགས་པར་དཀའ་བའི་ཟབ་ལམ་དུ་མ་ཞིག་ཐོབ་པས། །ཤི་ཡང་འགྱོད་མེད་ཀྱི་བློ་བདེ་གཞན་ལས་ལྷག་པ་ཞིག་གདའ་བས། །དགའ་དགའ་སྐྱིད་སྐྱིད་མོ་གཞན་ལ་ཡིད་སྨོན་མེད་པ་ཞིག་གདའོ། །ཞེས་པའི་དོན་བཞིན། སྔོན་ཆད་རྡོ་རྗེ་སློབ་དཔོན་མང་དུ་བསྟེན་པའི་སྐལ་བ་ཕྲ་ཞིང་ཅུང་ཟད་རྙེད་པའང་ཞབས་པད་བསྟེན་ཡུན་ཐུངས་པ་དང་གཞན་རྐྱེན་གྱི་འཇིགས་པས་གསང་ཐབས་རྐུན་ནོར་ལྟར་སྤྱོད་དགོས་པ་ལ་ཉེ་ལམ་དེ་རིགས་ཀྱི་སྐྱོན་དང་བྲལ་ཞིང་ཐོས་བསམ་གྱི་ཆ་སྤྱོད་ཡུལ་ཡངས་པ་སྔོན་བསགས་ལེགས་བྱས་ཀྱི་འབྲས་བུ་དུས་སུ་སྨིན་པར་མ་ཟད་དམ་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་སྔར་དམ་བཅའ་གནང་འདུག་པའི་དོན་དང་ཆ་མཚུངས་པའི་ཞལ་གྱིས་འཆེས་པ་ལ་དཔའ་བ་ཙམ་མ་ཡིན་པར་དོན་མཐུན་ཁོ་ནར་སྣང་བ་ཤ་སྟག་ཏུ་མཐོང་པ་དཔེར་ན་འཕྱོང་རྒྱས་ཞབས་དྲུང་དམག་དཔོན་ལྷའི་དབང་ཕྱུག་གིས་བཀའ་ཤོག་གཏན་ཚིགས་ཐམས་ཅད་རས་སུ་བོར་བའི་འཕྱོས་ལམ་རིམ་པས་བཀྲ་ཤིས་ཆོས་སྡེ་པའི་དཀོར་སའི་གྲལ་ཁུངས་སོགས་ཕྲོགས་པ་ཆོས་སྡེ་པ་རྣམས་ཀྱང་རེ་བ་ཆེ་ཞིང་ཕྱི་ཡུལ་ནས་བལྟས་པ་ཡང་བབས་འབྲེལ་འདུག་རུང་ཕེབས་སྒོར་ཁོ་རང་ཚོར་དཀོར་སྐལ་ཟ་རྒྱུ་ནི་འདུག་གྲལ་གྱི་རྒྱབ་མདུན་གང་དུ་བསྡད་ཀྱང་ཁྱད་ཅི་ཡོད་ཅེས་ཞུ་བའི་རྩོམ་པ་ཙམ་ཡང་མི་མཛད་ཅིང་སྐུ་སྒེར་དོན་དུ་གཏོགས་པ་རྗེ་སྨན་ལུང་བ་ཤེར་ཕྱོགས་གསན་པའི་གསོལ་ཕོགས་དང་དབོན་མཁྱེན་རབ་རྣམ་རྒྱལ་ཕྱག་ཕྱིར་བསྡད་ཆོག་པའི་དགོངས་ཁྲོལ་ཙམ་མ་གཏོགས་ཞུ་དོན་མཛད་པ་མ་མཐོང་ཞིང་དགོན་གྲ་རིགས་སྦྱིན་བདག་སོགས་རེ་བ་མཁན་པོ་དུ་མར་ཡང་ངེད་རང་ཕེར་ཕེར་དང་ཡོང་ཡོང་བ་དེ་འདྲ་ལར་མི་དགའ་ཞེས་ཞུ་དོན་གྱི་སྣ་ལེན་ཡེ་མི་གནང༌།