བསྟན་པ་འཕེལ་བ་དང་འགྲོ་བའི་བདེ་སྐྱིད་སོགས་སྤྱི་ལ་ཕན་པའི་ཞལ་ཏ་ལྷུར་བཞེས་ཤིང༌། ཤེས་རབ་སྡོང་བུ་ལས། འགྲོ་བ་ཤིན་ཏུ་གྲངས་མེད་ཀྱང༌། །སེམས་ཅན་ཡོན་ཏན་ལྡན་པ་དཀོན། །ཡུལ་ལྗོངས་དཔག་ཏུ་མེད་མོད་ཀྱི། །རིན་པོ་ཆེ་དག་འབྱུང་བ་དཀོན། །ཞེས་གསུངས་པ་ལྟར། ཁྱད་པར་དབང་བྱིན་རླབས་རྗེས་གནང་རིག་གཏད་ཉམས་འཁྲིད་ལ་ད་ལམ་ལོང་ཆུངས་པའི་དགག་བྱ་དགོས་པ་ཡིན་ཞེས་མཚོན་དོན་ཙམ་གྱི་བསྡུ་བ་དང་འདིའི་ཚབ་འདིས་འོང་འདིའི་དོད་འདིས་བྱེད་ཅེས་ཆོས་ལ་དབང་མི་ཟ་བར་སོ་སོའི་ལུགས་བཞིན་མ་འདྲེས་པ་ཁོ་ན་དང་ལྗགས་ལུང་གི་སྐབས་དཔེ་རྣམ་གྲངས་ཕྲ་མོ་མང་དུ་ཡོད་པའི་རིགས་ལ་བསྙེལ་ཐོ་དང་བསྟུན་ནས་གསན་མ་གསན་གྱི་དབྱེ་བ་འབྱེད་པ་ལས་ཡི་གེ་ལྷོགས་པ་རྒྱུ་མཚན་དུ་བྱས་ཏེ་བྱུང་ཚད་ལྗགས་སྒྲོག་མི་གནང༌། ཕྱག་ལེན་གྱི་རིགས་གང་ལ་དོགས་གཅོད་ཞུས་ཀྱང་འདི་ནི་འདིའོ་ཞེས་ཤིག་མཛུབ་སྤྲད་པའི་ངེས་ཤེས་ཁོ་ན་ལས་མུན་ནག་འདོམ་འཇལ་གྱི་ཟོལ་སྦྱོར་ཅི་ཡང་མི་སྲིད་པས་དབང་རྣོན་ཆོས་རྗེས་འབྲང་བའི་དད་པ་བརྟན་པོའི་གཏིང་ཚུགས་སོ། །ཐུགས་རྗེ་འོད་ཀྱི་སྦུབས་གུར་བདེ་བའི་ལམ། །ས་སྤྱོད་རིགས་པའི་ཁྱེའུ་ཆུང་དག་ཞིང་དུ། །དྲངས་ཚེ་དགེ་སྡིག་གཅིག་ཏུ་དཀར་རོ་ཞེས། །ལས་ཀྱི་མེ་ལོང་ལྟ་བའི་ངལ་བ་བཏང༌། །མཁས་པའི་གཞུང་ལུགས་ས་ཧ་ཀ་ར་ཡི། །སྙེ་མ་ནམ་མཁའི་ཕ་མཐར་ཡོངས་དུད་ཀྱང༌། །ས་བོན་ཐུབ་པའི་གསུང་རབ་གཅེས་པའི་ནོར། །བསྟན་འཛིན་ཕལ་གྱིས་དོར་བས་དགུན་ཆུ་བཞིན། །དེ་ཚུལ་བཟོད་མིན་སྙིང་སྟོབས་རི་རྩེའི་ཆབ། །བརྩོན་འགྲུས་ཤུགས་ཀྱིས་འབབ་པ་ལེ་ལོའི་རིགས། །སྡིག་ཏོའི་འཕྲུལ་གྱིས་མི་ལྡོག་ཆོས་འཚོལ་བར། །མི་ཞུམ་རྒྱལ་སྲས་སྤྱོད་པ་འདི་རྨད་བྱུང༌། །བཅོས་མིན་ངེས་པར་འབྱུང་བའི་ཆོས་བརྒྱད་ལས། །ལོག་པའི་ཐུགས་ཀྱི་སྣ་དེ་རབ་ཐུང་ཡང༌། །ཤཱཀྱ་སེང་གེའི་རིང་ལུགས་སྤེལ་བའི་བློའི། །ཞགས་རིང་བརྐྱངས་མཐའ་བསྐལ་པར་རྫོགས་ནུས་མིན། །ཉང་སྟོན་རིགས་སྔགས་འཆང་བའི་དབང་ཕྱུག་དེ། །དམ་པའི་བཞེད་པ་སྐོང་བའི་མཎྜ་ལ། །བཏེག་ཚེ་སྲིད་ཞིའི་ཡོན་ཏན་ནོར་བུའི་དཔྱ། །ཕྱུར་བུར་སྤུངས་ཏེ་ཆོས་བཟང་མདུན་སར་གླེང༌། །གསར་རྙིང་ཉི་ཟླ་ཟུང་འབྲེལ་འོད་པོ་ཆེས། །འཁོར་མུན་མཐར་བྱེད་ལས་སྨོན་མཐུ་བཙན་པོས། །ཟུར་ཆེན་རྗེ་དང་སྟབས་ཅིག་སྟན་འཛོམ་པ། །ཕན་བདེའི་སྣང་བ་འདྲེན་པའི་ཤིང་རྟ་བཞིན། །མ་རིག་ལས་འཁོན་འཇམ་མགོན་རིམ་བྱོན་ཚོས། །མ་དག་འཁྲུལ་པའི་དྲྭ་བ་གཅོད་པའི་མཚོན། །མ་ལུས་འགྲོ་གཉེན་ས་སྐྱའི་བླ་ཆེན་གྱིས། །མ་སྨད་སྙན་བརྒྱུད་གསེར་འཁོར་མཁའ་ལ་འཕགས། །གཉགས་བན་ཛྙཱ་ནའི་སྦྲུལ་པའི་ཟློས་གར་དེས། །མགོན་ཁྱོད་པདྨཱ་ཀ་རའི་གདུང་འཚོབ་ཁྲིར། །ཐེག་མཆོག་ནོར་བུའི་ཅོད་པན་དབུར་བཅིངས་ནས། །བཀོད་ཚེ་ཕྱོགས་བཅུའི་རྒྱལ་ཀུན་མེ་ཏོག་གཏོར། །བདེ་ཆེན་འདྲེན་པའི་ལས་རྒྱ་མཁར་ཆེན་བཟས། །འཆི་མེད་བདུད་རྩིའི་རྒྱུན་གྱི་བཅུད་བྱིན་ཚེ། །གནས་འདི་ལས་གཞན་ཌཱ་ཀ་ཌཱཀྐིའི་ཚོགས། །འདུ་བའི་ཨྱོན་ཡུལ་དེ་འཚོལ་རྣམས་ངལ། །སྣང་སྲིད་དྲེགས་པའི་སྡེ་དཔོན་ཙི་དམར་བས། །མགོན་ཁྱོད་འཕྲིན་ལས་སྒྲུབ་པར་ཞལ་འཆེས་པ། །ལྷུན་གྲུབ་རྟེན་ཅིང་འབྲེལ་འབྱུང་དུང་ཆེན་སྒྲ། །ཕྱོགས་བྲལ་བུ་མོའི་རྣ་ལུང་མཛེས་པ་བཞིན། །བཤེས་གཉེན་མངལ་དུ་མ་སྦྲུམས་སྟོང་པའི་སྒྲ། །གྲང་དྲོད་ལས་བཙས་ཁྱེའུ་དཀར་མིན་འབྲས། །དྲང་སྲོང་ཨུ་པའི་རེ་སྐོང་རྒོད་མ་ཁ། །གཏན་མདུན་རྒྱ་མཚོ་སྐམ་པའི་ཆོ་ག་ལྟར། །འོན་ཏེ་སྲིད་མང་འཕྲང་བགྲོད་དཀའ་སྤྱད་ཀྱི། །བསོད་ནམས་ཛམ་བུའི་ཤིང་འབྲས་མཚོར་ལྷུངས་པ། །དལ་རྟེན་དོན་ལྡན་གསེར་གྱི་ཕུང་པོ་ལ། །སྤྱོད་པའི་སྐལ་བཟང་འདི་ལ་གཅིག་ཏུ་རངས། །སྙན་བརྒྱུད་རིམ་བཞིའི་རྟེན་འབྲེལ་ཡོངས་འགྲིག་པ། །མ་ནུབ་དབང་བཞིའི་ལམ་ལས་འབྲས་བུར་སྨིན། །རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་ཐེམས་སྐས་ལ། །ཁྲིད་ནས་སྐུ་བཞིའི་གྲོང་དུ་བཅུག་འདི་མཚར། །ཁུ་ལུང་དུ་ཡུམ་བསྙུན་པའི་གདན་འདྲེན་བྱུང་བར་བརྟེན་ལྕགས་སྟག་གི་ལོ་གསར་གདོང་རོང་ཕྱོགས་སུ་ཐེགས་ནས་ཟླ་གཅིག་གི་བར་བྱིན་རླབས་སྐུ་རིམ་དང་འཕྲོད་བསྟེན་གྱི་ཞལ་བཀོད་དང་བཅས་ཞལ་ངོ་རྣམས་ཀྱི་དགོངས་པ་བཀང་སྟེ་ཞང་འགྲོ་བའི་མགོན་པོའི་བསྟི་གནས་སུ་ཕེབས་པའི་དབྱར་སྟོན་གྱི་རིང་བཞུགས།