།མཚོ་སྔོན་པོའི་སྒར་ཐོག་ནས་དྷརྨ་ཁོ་ཡ་ཐའི་ཇི་བོད་དུ་བཏང་སྐབས་ངེད་རང་ནས་འཕྲིན་གསོལ་དངུལ་གྱི་རྟེན་ལྡན་བརྟན་བཞུགས་ཀྱི་ཚིགས་བཅད་དང་བཅས་ཕུལ་བ་ཆོས་ཞུ་བ་རྣམས་ཀྱིས་ཤེས་ནས་འཕྲལ་དུ་བཙུགས་ཏེ་ཉིན་སྟར་གྱིས་གསུང་བ་སོགས་རྟེན་འབྲེལ་འགྲིག་ཅིང་གཞན་དོན་དུ་དགོངས་ནས་བརྟན་བཞུགས་གསོལ་འདེབས་སུ་བསྒྱུར་ཏེ་དེང་སང་ཀྱང་ཚོགས་འདོན་ཆག་མེད་དུ་ཡོད་སྣང༌། ཆོས་གྲོལ་རྗེས་རྟེན་འབྲེལ་གྱི་ཁྱད་ནས་སྐྱ་སེར་གྱི་ཁྲོམ་ཆེན་པོ་ཚོགས་པར་ཕྱི་རོལ་གྱི་རྡོ་ཅལ་བཞུགས་ཁྲིའི་ཐོག་ཏུ་ཕེབས་ཤིང་འཇམ་དབྱངས་ས་པཎ་གྱི་དབུ་ཞྭས་ཞུ་མཆོད། གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་ཚེ་དབང༌། ད་ལམ་གྱི་ཆོས་འཁོར་འདི་ལ་བརྟེན་པའི་འཆད་ཉན་ཞབས་ཏོག་མཐུན་རྐྱེན་སྒྲུབས་སོ་ཅོག་ཀུན་གྱི་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བའི་ཡོན་བཤད། བཀྲ་ཤིས་ཀྱི་མཐའ་བརྟེན་དང་བཅས་རྒྱས་པར་སྩལ་བ་ནི། ཀུན་མཁྱེན་མཁྱེན་བརྩེའི་གསུང་མགུར་ལས། གང་འདིའི་ཐུབ་བསྟན་ཐ་མར་གྱུར་པའི་མཐུས། །ཇི་སྙེད་ཆོས་ཀྱི་བཀའ་བབས་ཆད་གྱུར་ཅིང༌། །ཅུང་ཟད་ལུས་རྣམས་འཆད་ལ་ཉེ་བ་འདི། །བསམས་བཞིན་སྙིང་ནས་མ་དགའ་ཤེས་པར་འཕྱོ། །རྒྱལ་བའི་བསྟན་པ་མཆོག་ལ་དད་པ་དང༌། །མར་གྱུར་འགྲོ་ལ་བརྩེ་བའི་ལྷག་བསམ་གྱིས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་ཆེན་སྒྲོན། །སྤེལ་བའི་ཐབས་ལ་སྙིང་ནས་སྤྲོ་བར་གྱུར། །ཞེས་པའི་དོན་དང་མཐུན་པར་མཆིས་སོ། །རིན་ཅེན་ཚུལ་ཁྲིམས་བཀྲ་ཤིས་དང་གསུང་གླེང་ལ་རི་ཕུག་ཏུ་ལོ་གསུམ་མའི་སྐབས་སྒྲུབ་ཐབས་རྒྱ་མཚོའི་ལྷ་རྣམས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བ་ཁྱད་པར་བྱ་རྒྱུད་ལ་ལེགས་གྲུབ་ཀྱི་དགོངས་པ་བཞིན་གཡལ་དང་སྦྲིད་པ་སོགས་བྱུང་ན་ཕྲེང་སྐོར་གཅིག་པུ་དེ་གྲངས་སུ་མི་བརྩི་བས་མཚོན་ཕྲ་མོ་རྣམས་ལའང་ཐུགས་རུང་ཚུལ་གསུངས་པ་དཔྱོད་ལྡན་འཕྲིན་ལས་རྣམ་རྒྱལ་གྱི་ཐོས་འཛིན་དུ་གྱུར་པར་ཡ་མཚན་དུ་འཛིན་ཞིང་ཁོ་བོའང་རྗེས་སུ་ཡི་རང་ངོ༌། །ཉེ་སྐོར་ནས་ཞིང་འཁྱར་ཁ་ཤས་གཟིགས་པ་ཧོར་ཟླ་བདུན་པའི་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་མཆོད་ཐེབས་སུ་ཉིན་གཅིག་འཕར་བའི་སྤྱོར་འཇགས་གནང༌། དེ་ནས་མི་རིང་བར་རྣམ་སྣང་མངོན་བྱང་ལ་ཉེར་ལྔར་གཅོད་མི་དགོས་པ་རྒྱུད་ཀྱི་དགོངས་པ་དང་དམ་པའི་ཕྱག་བཞེས་བཞིན་ཆོས་སྡེ་ཡས་མས་ཀྱི་གྲ་པ་བཞི་བཅུར་དབང༌། གཙུག་དགུའི་དབང་ཆ། གྲངས་བཅོ་ལྔར་དྲིལ་བུ་ལུས་དཀྱིལ་གྱི་དབང༌། རྣམ་སྲས་སྤྲིན་གསེབ་མ་དང་ཛམ་ལ་དམར་པོ་ཡུམ་བཅས་ཀྱི་རྗེས་གནང༌། སྐྱེད་ཚལ་འོག་གཞི་པ་སློབ་དཔོན་པ་སོགས་ལ་སྤྱན་རས་གཟིགས་ཚེམ་བུ་ལུགས་ཀྱི་དམར་འཁྲིད་ཀྱིས་མཚོན་འདོད་ཆོས་ཁ་ཤས་སྩལ། སྔོན་ཆད་ཡོངས་འཛིན་མང་པོར་མདོ་རྒྱུད་ཀྱི་གདམས་པ་རྒྱ་ཆེར་གསན་ཡང་ལོ་ཆེན་རཏྣ་བྷ་དྲས། ཆོས་པའི་སོ་ནམ་ཡིན་པས་ཐོས་བསམ་བྱས། །ཆོས་ཀྱི་རྩ་བ་ཡིན་པས་གནས་ལུགས་བསྒོམས། །ཆོས་ལ་འབྲས་བུ་དགོས་པས་སྨོན་ལམ་བཏབ། །སྒོ་གསུམ་ཐ་མལ་ནམ་ཡང་བཞག་མ་མྱོང༌། །སྔོན་ཆད་གདམས་ངག་བརྒྱ་ཕྲག་དུ་མ་བསླབས། །འོན་ཀྱང་ད་དུང་གཞན་ལ་འཚོལ་བར་འདོད། །ཅེས་པ་ལྟར་སླར་ཡང་ངོམས་པ་མེད་པར་ཐོས་བསམ་མཛད་བཞེད་ཀྱི་ཆུ་མོ་སྦྲུལ་ལོ་ཤར་ནས་གཙང་ཕྱོགས་སུ་གཤེགས་ཞོར་ལྕགས་ཟམ་སྤྲུལ་པའི་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག་གི་དྲུང་དུ་འཁྲིད་བརྒྱ་སོགས་ཟབ་ཆོས་ཁ་ཡར་གསན་ཞིང༌། ངོར་ཨེ་ཝཾ་ཆོས་ལྡན། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ། སློབ་དཔོན་ཆེན་པོའི་སྒྲུབ་གནས་རི་བོ་བཀྲ་བཟང་སོགས་སུ་ཞབས་པད་ཀྱི་ཕྲེང་བ་བཀོད་ནའང༌། རྗེ་མཁྱེན་བརྩེའི་གསུང་མགུར་དུ། བདུད་ཀྱིས་དབང་སྒྱུར་སྐལ་ངན་ཆེས་མང་བས། །དམ་ཆོས་འཚོལ་ལ་འགལ་རྐྱེན་ཆར་བཞིན་འབབ། །མཐུན་རྐྱེན་མི་འབྱུང་ཕྱུང་ཡང་སྟོབས་ཞན་པས། །ཇི་ལྟར་བསམས་པ་བཞིན་དུ་གྲུབ་མ་གྱུར། །ཞེས་གསུངས་པ་ལྟར། ངོར་མཁན་ཆེན་ཤར་པ་ཤེས་རབ་འབྱུང་གནས་དང༌། བཀྲ་བཟང་པ་ཆེན་པོ་ནམ་མཁའ་རིགས་འཛིན་གཉིས་སྐུ་ན་ཧ་ཅང་སྨིན་པར་མ་གྱུར་རུང་བསྟན་པའི་གེགས་ཆགས་ལྟ་བུས་དག་ཞིང་གཞན་དག་ཏུ་སྒྱུ་འཕྲུལ་གྱི་བཀོད་པ་བསྡུས་པ་དང་འགྲིག་ཅིང་སྔགས་འཆང་བླ་མ་སེམས་དཔའ་ཆེན་པོ་ཁྲི་ཆེན་འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས་རྩ་དཀར་གྱི་བསྟེན་བབས་ལྕི་བ་སོགས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ཉི་མའི་གཉེན་གྱི་རིང་ལུགས་ལ་བི་ནཱ་ཡའི་ཆོ་འཕྲུལ་ཅུང་ཟད་ནུས་པའི་དུས་དང་འགྲིག་པས་ཆོས་གསན་རྩིས་རྣམས་བཞེད་པ་དང་མཐུན་པ་མ་བྱུང་ན་ཡང་བཞི་ཐོག་ཏུ་བདག་ཆེན་ཁྲི་ཆེན་རིན་པོ་ཆེ་ནས་བདག་རྐྱེན་ཚད་མེད་པ་དང་བཅས་ལུགས་གཉིས་དང་འབྲེལ་བའི་བཀའ་མཆིད་ཀྱི་རིམ་པ་ཞིབ་རྒྱས་སུ་སྩལ།