R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): [-]
ནད་ཐམས་ཅད་རབ་ཏུ་ཞི་བ། ཆི་རྒོད་རྣམ་འཇོམས། བྱམས་པས་དམ་བཅས་པའི་གཟུངས། གཟའ་ཡུམ། ནོར་རྒྱུན་མ། ཚེ་དཔག་མེད་ཀྱི་སྙིང་པོ། མི་འཁྲུགས་པའི་རྒྱུད། སྟོབས་པོ་ཆེ། རྒྱལ་པོ་མདོ་ལྔ་སོགས་མདོ་ཕྲན་ཁ་ཤས་རྣམས་ཀྱི་ལུང་ཞུས་ཤིང་འཕྲང་འགོ་གཏེར་སྟོན་གྱི་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ཀྱི་དབང་ཕུལ། རིམ་གྱིས་གུང་ཐང་བརྒྱུད་དེ་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོར་ཕེབས་པའི་ཨེ་རིག་པའི་འབྱུང་གནས་ཆོས་ལུང་དཀར་པོ་ནས་དབོན་ཡིག་མཁས་པ་དོན་བདུན་བོས་པར་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་ཐོས་གྲོལ་གྱི་ལྗགས་ལུང༌། ས་ག་ཟླ་བ་སྐུ་བལྟམས་པའི་དུས་ཆེན་ཡར་ཚེས་བདུན་གྱི་རེས་གཟའ་ལྷག་པ་དང་སྐར་མ་རྒྱལ་གྱི་འཕྲོད་དགེ་བར་བཀའ་འགྱུར་རིན་པོ་ཆེ་བཞེང་པའི་དབུ་བཙུགས་པའི་ཚུགས་སྟོན་རྩེས་དང་ནས་སྣ་མོ་ཤག་གྲུབ་ཆེན་ཀརྨ་སངས་རྒྱས་ཀྱིས་བསྙེན་བཀུར་བརྒྱ་འབུལ་བཟབས་རྒྱས་སུ་བསྟར། དེ་སྐབས་ཡར་ཤར་ནུབ་ཚོར་བཤལ་རིམས་མཆེད་པའི་ཤི་ཆད་ཁ་ཡར་བྱུང་བར་ཤ་བརྒྱ་ཟན་བརྒྱ་གཏོང་བ་གནང་བས་ཡམས་ནད་རྣམས་རིང་པོར་མ་ལོན་པར་ཆད་ཅིང་ལྷག་པར་བཀྲ་ཤིས་རྩེ་ཞོལ་དུ་ནད་པ་མངས་པར་ཡིག་མཁན་རྣམས་ཚབ་ཚུབ་ཏུ་གྱུར་ཚེ་སྲུང་བ་གནང་བས་འཛེམ་མེད་དུ་ཕྱིན་ཀྱང་འགོ་བ་གཏན་མ་བྱུང་བས་མོས་པ་ལྷག་པར་འཕེལ། ཧོར་ཟླ་ལྔ་པའི་ནང་དུ་ཁྱབ་བདག་ཞ་ལུ་པ་ཆེན་པོ་སློབ་བཤད་ཞུ་བ་ལ་ཕེབས་པར་བཀའ་འགྱུར་མ་གྲུབ་པས་འཛུགས་པ་གནང་མ་ཐུབ་པའི་དེའི་རིང་སྒྲུབ་ཐབས་རྒྱ་མཚོ། གསར་མ་རྒྱུད་འབུམ། གཤེད་དམར་སྤྲོས་མེད་ཀྱི་འཁྲིད་སོགས་འབུལ་བ་གནང་ཞིང༌། ཚུར་ཡང་འཁོར་ལོ་སྡོམ་ཆེན་སོགས་དབང་ལུང་མང་དུ་གསན། རྣམ་སྲས་གླིང་པས་གཙོས་སྦྱིན་བདག་སྐྱ་སེར་རྣམས་ཀྱིས་དུས་སྟོན་གྱི་ཐོག་ལེགས་འབུལ་གྱི་བདོག་པ་རྒྱ་ཆེར་བསྟབས་པའི་ཚོགས་གསོག་ལ་བརྟེན་ཕོགས་ཇ་ཐུག་གི་གཏོང་ཆས་མཚོན་དགོས་ཆ་མཐའ་དག་ངང་གིས་འགྲུབ་པའི་སྒོ་ནས་ཟླ་བ་ཕྱེད་བདུན་དུ་ཉེ་བ་ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལ་ཞལ་ཁེབས་གདོང་དར་གླེགས་ཤིང་གླེགས་ཐག་གླེགས་ཆབ་སོགས་ཆ་འགྲིག་ལེགས་པར་གྲུབ། གོང་དཀར་དུ་ལྗགས་ལུང་གནང་སྐབས་བཀའ་འགྱུར་གྱི་ནང་ནས་བྱུང་བའི་སངས་རྒྱས་ཀྱི་མཚན་ཟུར་དུ་ཕྱུང་བ་ཁྲི་ལྷག་བཅས་ཐོར་བཀོད་པ་འདི་དང་དུས་མཚུངས་སུ་ས་ལེ་སྦྲམ་ཞུན་མའི་ཁུ་བས་བྲིས་ལེགས་ཕུན་སུམ་ཚོགས་པ་གོང་གཤམ་ཞལ་ཁེབས་ཏོག་བཅས། ཤིང་པར་ལ་བརྟེན་ནས་ཞལ་བཀོད་གནང་བའི་བྱང་ཆུབ་མཆོད་རྟེན་བཅུ་ཚར་མི་ཚད་ཙམ། ནང་བཞུགས་གཟུངས་སྔགས་སཱཙྪ་ཕྱག་དར་བའི་འབུམ་ཕྲག་གནང་སྟེང་ནས་གང་འགྲོ་དང་གསོལ་ཕུད་ཀྱི་སཱཙྪ་སོགས་ཀྱིས་གཏམས་པར་ལྷང་ཙེར་བཏུལ་མའི་ན་བཟའ་གསོལ་ཏེ་བླ་གཡེའི་སྒོའི་གཡས་གཡོན་གྱི་ཐོག་འོག་ཏུ་བཞུགས་སུ་གསོལ་བ་རྣམས་ཀྱི་སྨོན་ལམ་གསུང་རྩོམ་འདི་ལྟ་སྟེ། ལྷ་རིགས་འ་ཞའི་དགེ་སློང་བྱང་ཆུབ་སེམས། །གསང་སྔགས་ཀུན་འཛིན་མགོན་པོ་བསོད་ནམས་ཀྱིས། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྗེས་ཞུགས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་རྒྱས་ཕྱིར་དང༌། །མཐའ་ཡས་འགྲོ་ལ་ཕན་པ་ལྷུར་ལེན་ཕྱིར། །རྒྱལ་བའི་གསུང་རབ་དམ་ཆོས་འགྱུར་རོ་འཚལ། །དཀའ་བ་དུ་མས་ཀུན་ནས་ལུང་ནོས་ཤིང༌། །བསྟན་འགྲོར་ཕན་ཕྱིར་ལུང་ཡང་འབད་པས་བགྱིས། །གླེགས་བམ་ཐམས་ཅད་དུས་གཅིག་འབད་པས་བསྒྲུབས། །བཀའ་འགྱུར་ནས་བསྟན་རྫོགས་སངས་རྒྱས་པའི་སྐུ། །ཁྲི་ཕྲག་བརྒལ་བའི་གསེར་གྱི་བྲིས་སྐུ་དང༌། །སཱཙྪ་འབུམ་ཕྲག་བྱང་ཆེན་མཆོད་རྟེན་བཅུ། །དེ་སོགས་རྣམ་དཀར་དྲི་མེད་དགེ་བའི་མཐུས། །བདག་དང་ཕ་མ་སྤུན་ཟླ་མིང་སྲིང་དང༌། །བྲན་གཡོག་ལས་བྱེད་ཁལ་ཁུར་དུད་འགྲོར་བཅས། །ཕན་ཐོགས་ཡི་རང་དཀར་ནག་འདྲེས་པ་ཀུན། །སྒྲིབ་བྱང་ཚོགས་རྫོགས་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་པ་མཛད། དེ་ལྟར་སྐུ་གསུང་ཐུགས་རྟེན་རྣམས་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གཉིས་སུ་མེད་པ་དཔལ་དགྱེས་པ་རྡོ་རྗེ་མན་ངག་ལུགས་ཀྱི་སྒྲུབ་མཆོད་དང་འབྲེལ་བའི་སྒོ་ནས་རབ་གནས་བཀྲ་ཤིས་རྒྱ་མཚོ་ལ་རྗེ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཕྱག་བཞེས་ཀྱིས་བརྒྱན་ཏེ་རབ་ཏུ་གནས་པ་ཉིན་གསུམ་མ་མངའ་དབུལ་གྱི་དུས་རྒྱས་པ་དང་ཆོ་གའི་མཐར་ལྷག་ཆད་ཁ་སྐོང་བའི་ཞི་བའི་སྦྱིན་སྲེག་དང་བཅས་རྒྱལ་ཀུན་གསང་བ་རབ་འབྱམས་ཀྱི་འཁོར་ལོ་མ་ལུས་པ་རྟེན་བརྟེན་པ་ལྷའི་ཚོགས་ཆུ་དང་འོ་མ་བཞིན་རོ་གཅིག་ཏུ་མཛད་པས་ཕྱོགས་ཀུན་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར།