བྲིས་པས་གཙོས་བཟོ་བོའི་ཚོགས་ཡོན་རྫོངས་སུ་གསེར་གོས་དར་ཇ་རས་གཡུ་བྱུ་རུ་སྤོས་ཤེལ་གོ་ཁྲབ་ཁྲོ་ཟངས་རྟ་དྲེལ་ཕོ་མོའི་གོས་སྣ་སྣམ་ཕྲུག་སོགས་ཀྱི་རྙེད་པས་བློའི་རེ་བ་ཡོངས་སུ་བཀང་སྟེ་ཚིམ་པར་མཛད། ཟླ་བ་དེ་ཀའི་ཚེས་ཉི་ཤུའི་རྒྱལ་ཕུར་གྱི་འགྲུབ་སྦྱོར་ནས་བཟུང་མཁན་ཆེན་ཞ་ལུ་པ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། འབྲས་ཡུལ་སྐྱེད་ཚལ་མཁན་པོ་བྱམས་པ་ངག་དབང་བསྟན་འཛིན། རྩེ་ཚོགས་དུམ་བུ་ཆོས་འཁོར་སོགས་ཕྱོགས་ནས་འདུས་པ་དང༌། གཉུག་མར་གནས་པ་བཅས་དགེ་འདུན་དུ་མའི་ཚོགས་ལ་དུས་གསུམ་བདེར་གཤེགས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་མདོ་རྒྱུད་མན་ངག་ཀུན་གྱི་ཡང་བཅུད། འཕགས་ཡུལ་གྲུབ་དབང་བིརྺ་པ་ཆེན་པོ་ལ་རྗེ་བཙུན་རྡོ་རྗེ་བཙུན་མོས་མངོན་སུམ་དུ་གནང་བའི་ལམ་འབྲས་བུ་དང་བཅས་པ། འབྲས་བུ་ལམ་དང་བཅས་པ། གཅིག་ཤེས་པས་མང་པོ་གྲོལ་བ། སྐྱོན་ཡོན་ཏན་དང་བར་ཆད་དངོས་གྲུབ་ཏུ་བླང་བ། ལྟས་ངན་གཡང་དུ་ལེན་པ། ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ་བ། བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་བ། སྡེ་སྣོད་གསུམ་གྱི་དེ་ཉིད་ཤེས་པས་གསེར་འགྱུར་གྱི་རྩི་ལྟ་བུ། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་འབྱུང་བའི་གསུང་ངག་རིན་པོ་ཆེའི་འཁྲིད་བོད་ཡུལ་འདིར་འཇིག་རྟེན་གྱི་མིག་གཅིག་པུ་འབྲོག་མི་ལོ་ཙཱ་བ་ཆེན་པོས་ལེགས་པར་བསྒྱུར་བ་ནས་བཟུང་བཤད་སྲོལ་མི་འདྲ་བ་མང་དུ་བྱུང་བའི་གཙོ་བོ་རྡོ་རྗེ་འཆང་དང་ཞལ་གཉིས་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ་ཚོགས་བཤད་དང་སློབ་བཤད་གཉིས་ལས་རྗེས་འབྲངས་མཁས་གྲུབ་ཕལ་ཆེར་ལ་མ་གྲགས་པ་རིན་ཅེན་སྒང་པ་གདུང་བརྒྱུད་སྒོས་ཀྱི་ཟབ་ཆོས་ལྟ་བུ་གསང་ཆེན་སློབ་བཤད་ཀྱི་ཉམས་འཁྲིད་ཟབ་མོ་དབང་བྱིན་རླབས་རྒྱབ་བརྟེན་ལུང་དང་བཅས་པ་མཐའ་དག་ཟླ་བ་ཕྱེད་བཞི་ལྷག་ཙམ་གྱི་བར་གནང་རྗེས་དགྱེས་པ་རྡོ་རྗེའི་རྒྱ་གཞུང་སོ་གཉིས་ཙམ་གནང་བའི་དུས་ཁོ་བོས་ངོར་རྫོང་ཚར་ལུགས་གསུམ་གའི་ལམ་འབྲས་ཐོབ་པས་རྒྱུན་གསུམ་ག་ཡོད་གཤིས་གང་འདོད་ཀྱི་རྗེས་སུ་འབྲངས་ཆོག་ཅེས་བཀའ་སྩལ་ཞིང༌། མེ་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་གེགས་མེད་དུ་གྲུབ་པ་ནི། སྦྱང་གཞི་དཀྱིལ་འཁོར་རྣམ་བཞིའི་ཞིང་ས་མཆོག་ཏུ་གཤིན་པོ། །སྦྱོང་བྱེད་སྨིན་གྲོལ་རྣམ་བཞིའི་ཆུ་ལུད་རྐྱེན་གྱིས་སྦྱངས་ཏེ། །སྦྱངས་འབྲས་སྐུ་བཞིའི་ས་བོན་གང་བཏབ་མཆོག་ཏུ་ལེགས་པའི། །ས་ཞིང་མཆོག་དེའི་འདུལ་སྦྱོང་བདག་རང་མཁས་སྙམ་བགྱིད་པས། །ཐ་རངས་ཐུལ་མེད་ཀྱི་ཞིང་ལ་ཡིད་སྨོན་མེད་པ་ཞིག་གདའོ། །ཞེས་ཐམས་ཅད་མཁྱེན་པའི་གསུང་མགུར་ལས་བྱུང་བ་ལྟར་ཤིན་ཏུ་སྨིན་པའི་གྲོལ་སྟོན་དང་རྡོ་རྗེ་ཆོས་སྐྱོང་རྣམས་ལ་གཏང་རག་གི་བསྐང་བསྟོད་གནང་བའི་མཇུག་ཙམ་དུ་གཞན་གྱིས་བསྲེག་པ་པོ་མེད་པར་ཤ་ཆེན་གྱི་དྲིས་བླ་བྲང་སྟེང་ཤོད་མེད་པ་ཁྱབ་པའི་དམ་ཅན་དགྱེས་པའི་ཆོ་འཕྲུལ་ཅི་ཡང་མཛད། ཞ་ལུ་མཁན་རིན་པོ་ཆེ་ཡང་ཞག་ཤས་བཞུགས་པར་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་དབང་སོགས་ཁ་ཡར་འབུལ་བ་གནང་ཞིང་རྗེ་བླ་མས་ཀྱང་ཉེར་མཁོའི་དབང་ལུང་ཅི་རིགས་གསན། ཚོགས་ལ་བཀའ་གདམས་ཀྱི་ཆོས་སྐོར་འགའ་ཞིག་གནང་སྐབས་མེ་ཏོག་སེར་པོ་དང་དམར་པོ་ལག་པས་ཟིན་ལ་ཁད་པའི་ཆར་བབས། སྒོ་ཁང་དུ་ཁྲ་འབྲུག་ཆོས་སྐྱོང་གི་རྟེན་གཏོར་ཡོད་པ་ལྷ་མིའི་བར་དུ་སེལ་ཅུང་ཟད་བྱུང་བ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་རྟེན་ཁྲ་འབྲུག་རྒྱལ་ཁང་རང་དུ་སྐྱེལ་བ་མཛད་པ་རྗེ་འདི་ལ་ཆོས་སྐྱོང་གིས་སྔར་ལྟར་དགོས་ཞུས་པའི་ལན་རས་གཞིར་ཁོ་རང་ཇི་ལྟར་བཞེད་པའི་རྟ་གླང་པགས་རིགས་སོགས་བྲིས་པ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ་པ་གནང་བར་དགྱེས་ཏེ་མཁན་པོས་འདི་ལྟར་བྱུང་ཞེས་མི་ཐམས་ཅད་ལ་སྟོན་པར་མཛད། སྡེ་པ་བློ་བཟང་མཐུ་སྟོབས་འོལ་དགའ་ཆུ་ཚན་ཁར་འདྲེད་བརྡབས་ལ་གེགས་ཀྱི་རྣམ་པའི་ཡར་ཀླུངས་སུ་འབྱོར་ནས་ཀྱང་སྐྱེད་ཆེ་བ་མ་བྱུང་བ་དམ་པ་འདི་ཉིད་ཀྱིས་དབང་བྱིན་རླབས་མང་དུ་མཛད་པས་ཚེར་མ་དབྱུང་བ་ལྟར་གཞི་མེད་དུ་བདེ། ནུབ་ཅིག་མཆོད་དཔོན་གྱིས་ཞབས་བྱུག་ཞུ་སྐབས་ཙིད་སྒྲ་ཆེན་པོ་བྱུང་བ་གང་ཡིན་ནམ་གསུང་བར་ཁྱི་ལྟ་བུ་སྲོག་ཆགས་ཤིག་གི་སྐད་ཡིན་ནམ་ཞུས་པ་ན་མིན་པ་འདྲ་ཐུག་གི་སྐད་ཡིན་ནམ་གསུང་བ་ལྟར་ཕྱིན་པས་གཟིམས་ཆུང་སྟེང་དུ་ཐུག་གསུམ་ཡོད་པའི་དཀྱིལ་མ་རྩིས་མགོན་གྱི་ཐུག་དེ་ཙི་སྒྲ་ཆེན་པོ་རྒྱག་གིན་འདུག་རུང་མུན་པས་སྒྲ་ཙམ་ལས་གཞན་མ་མཐོང་སང་ཞོགས་ལྟས་ཙ་ན་རྔ་མ་ནས་ཁྲག་འཛགས་པས་ས་གཞི་ལ་འཐོར་ཞིང་རྩ་བར་ཁྲག་སྙིམ་པ་གང་ཙམ་འཁྱིལ་བ་ཆོས་སྐྱོང་འདི་ཤིན་ཏུ་འགོ་ཞིང་བཀའ་གཉན་པ་ཡོད་འདུག་པ་ནས་བསྟན་པ་སྤྱི་སྒོས་ཀྱི་དགྲ་བོ་ཞིག་བསྒྲལ་བའི་རྟགས་སུ་མཆིས།