སྣ་མོ་ཤག་གྲུབ་ཆེན་པས་བསམ་གཏན་གླིང་གི་སྤྱིལ་པོར་སྲི་ཞུའི་ཆེད་དུ་སྤྱན་དྲངས་པའི་ཕེབས་ཞོར་ཚེ་ཆུ་འབུམ་པ་མཇལ་བ་གནང་དུས་ཚེ་ཆུ་ཆེར་བབས་པ་ཟླ་བ་བརྒྱད་པ་ཡིན་པས་དེ་དུས་ཡོང་བའི་སྐབས་མིན་རུང་བྱུང་བར་ཡ་མཚན་དུ་འཛིན། མེ་བྱ་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། སྔགས་འཆང་བླ་མ་སེམས་དཔའ་ཆེན་པོའི་ཞབས་རྡུལ་དབུ་གཙུག་ཏུ་བཞེས་ནས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། ཞབས་དྲུང་ཉིད་ཀྱིས་མཛད་པའི་ཕུར་པའི་ཆོས་འབྱུང་སོགས་ལྗགས་ལུང་མང་དུ་སྩལ། གཙོ་བོར་གསན་བྱ་རྣམ་སྲས་ཀྱི་བེའུ་བུམ་ཡིན་ནའང་བསམ་ཡས་ཀྱི་སྡིག་ཁྲབ་སྒྲོག་པར་ཕེབས་རིངས་པའི་སླར་ཡོང་བའི་བཀའ་བཞེས་གནང༌། ཞབས་དྲུང་ཁྲི་ཐོག་པ་ངག་དབང་བསོད་ནམས་དབང་ཕྱུག་དང་རྗེ་བཙུན་མ་གཉིས་ལའང་བཀའ་ཆོས་ཁ་ཡར་གསན། གདན་ས་དང་ཁའུ་བསམ་བརླིང་སོགས་ཀྱི་གནས་གཟིགས་གནང༌། རིགས་འཛིན་ལྷ་ཁང་གི་འགག་ཏུ་ངོར་ཟུར་འཆད་ཆོས་རྗེ་དཔལ་གླིང་པ་དང་ལྷན་ཅིག་ཏུ་འཛོམ་པ་ད་རེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཁྲིར་འབྱོན་པའི་རྟེན་འབྲེལ་བྱེད་དགོས་པ་འདུག་པས་ཇ་སྔོན་ལ་མཆོད་གསུང་པ་དེ་སྐབས་མཁན་པོ་ཡོང་བའི་དོགས་པ་ཙམ་ཡང་མེད་པས་ཐུགས་ཁྲེལ་བཞིན་མིན་ནམ་བསམ་རུང་དེ་ནས་མ་འགྱངས་པར་མཁན་པོ་བྱེད་དགོས་བྱུང་བ་མངོན་མཁྱེན་དུ་འདུག་ཅེས་ཐུགས་ཡིད་ཆེས་པའི་དཔེར་འཛིན། བཞི་ཐོག་ཏུ་ཞབས་དྲུང་རིན་པོ་ཆེར་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་ཕུལ་ནས་དགུང་ལོ་བརྒྱད་ཅུ་རྩ་ལྔའི་བར་དུ་བཞུགས་པའི་བཀའ་བཞེས་ཞུས་པར་མཁན་པོ་རང་བསྟན་དོན་ལ་དགོངས་ནས་དེ་ཙམ་བཞུགས་ན་ནི་ང་ཡང་དེ་ག་བགྱིད་དེ་མིན་ངེད་རང་གཉིས་ལྷན་དུ་འགྲོ་བ་ཡིན་ཕེབས་པའི་གནས་ཚུལ་རྗེ་བླ་མ་འབྲས་སྤུངས་སུ་ཕེབས་དུས་གསུང་འཕྲོས་གནང་འདུག་ཅིང་ས་ཕག་ཧོར་ཟླ་དགུ་པའི་ཚེས་བཅུ་བཞི་ལ་དམ་པ་འདི་དང་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་བདག་ཆེན་རིན་པོ་ཆེ་མེ་ཏོག་འཐོར་བ་ལ་དཔགས་ན་བླ་མ་རྣམ་གཉིས་སྤྲུལ་གཞི་གཅིག་ལས་བསྟན་འགྲོའི་ཆེད་དུ་སྤྲོ་བསྡུ་མཛད་དགོས་པར་སེམས། ངོར་མཁན་ཆེན་རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ནེ་གུ་ནས་བརྒྱུད་པའི་དབང་བྱིན་རླབས། རྩ་བ་ནེ་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་རང་གྲོལ་རྣམས་ཀྱི་འཁྲིད་ལུང་སོགས་ཚང་བ་གསན། དེ་ནས་རིམ་བཞིན་ཁུ་ལུང་དུ་ཕེབས། དེ་ཡང་བླ་མ་སོག་བཟློག་པ་ནས་བརྒྱུད་པའི་མདོ་དབང་ཆེས་དར་ནའང༌། སོག་བཟློག་པའི་ཞུས་རིགས་འཛིན་གཡུ་འབྲུག་རྡོ་རྗེ་ཤངས་རྟ་ནག་པའི་ཡུལ་མི་རྣམས་ལ་རྒྱུས་མེད་པའི་དཔྱོད་ལྡན་ཚོ་ཐེ་ཚོམ་གྱི་གཞིར་མཛད་གཤིས་རིགས་འཛིན་ཆེན་པོ་མངའ་རིས་པ་ནས་བརྒྱུད་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེ་ལ་ཁྱབ་བདག་སྨན་ལུང་པས་གསན་པའི་བསྐུལ་མའང་བླ་མ་དམ་པ་འདི་ཉིད་ཀྱིས་གནང་ཞིང་ཉེ་ཆར་རྗེ་སྨན་ལུང་པ་གདན་དྲངས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསན་ལ་སྤེལ་བའི་བཞེད་པ་མ་གྲུབ་རུང་རྗེས་སུ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེས་ཁྱབ་བདག་ཁྲ་ཚང་པ་ཆེན་པོར་གསན་ནས་དབུས་གཙང་ཁམས་གསུམ་དུ་དར་རྒྱས་ཀྱི་བསྟན་པའི་མེ་རོ་བསླང་བ་ཡང་རྗེ་འདིའི་བདག་རྐྱེན་ལས་བྱུང་བར་སེམས་སོ། །ཟུར་ཐམས་ཅད་མཁྱེན་པ་ཧོར་ཟླ་བདུན་པའི་ཉེར་ལྔ་ལ་པདྨ་འོད་ཀྱི་ཞིང་ཁམས་སུ་སྐུའི་བཀོད་པ་བསྡུས་པའི་ཐུགས་དམ་འདོགས་བཅས་འབུལ་བ་དང་རྟེན་བཞེངས་ཀྱི་གཟུངས་བཞུགས་རབ་གནས་ལ་ཕེབས་དགོས་པའི་སྙན་གསན་ཕུལ་ཞིང་ཞལ་གྱིས་འཆེས་ནའང་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་བྱུང་ན་དགེ་ལུགས་པ་ཞིག་རབ་དེ་མིན་རྙིང་མ་པ་ཞིག་བྱུང་ན་མངོན་ཆུང་བ་ཡོང༌། ས་སྐྱ་པའི་རིགས་བོས་ན་མི་ཡོང་བའི་བཀག་ཆ་མཛད་པར་བརྟེན་སྐོར་ཅིག་ཕེབས་མི་དགོས་པའི་རྒྱུ་མཚན་འབུལ་མི་མངགས་པ་གམ་པ་ལར་མཇལ་བས་བཀའ་ལས་ངེད་དཔོན་སློབ་གཉིས་སྔོན་ལ་སུ་སོང་ཡང་རྗེས་ཀྱི་བྱ་བ་བྱེད་པའི་ཆ་དོན་ཡོད་པ་ནས་ད་ལམ་ང་ལ་བབས་ཐོབ་ཡོད་ཀྱང་རྟེན་འབྲེལ་འཕྱུགས་གསུངས་ནས་མ་མཉེས་པའི་ཚུལ་མཛད།