རྔོག་ཞབས་དྲུང་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་གཞུང་སྦྲེལ་ཤིང་དུ་ཤར་མར་ཕེབས། རྗེ་བཙུན་འཇམ་དབྱངས་འོད་ཟེར་གྱི་སྐུ་གདུང་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ལ་མེ་མཆོད་དང་གདུང་ཚ་བཞུགས་པའི་ཐུགས་རྟེན་གྱི་ལྗགས་བཀོད་དང་བཅས་སྐོར་ཅིག་སྟན་ཆགས། ངོར་པའི་ཁམས་པ་བསྙེན་ཆེན་ཉེར་གཅིག་སོང་ཟེར་བ་གནམ་རབ་བསམ་གཏན་སྒྲུབ་སྡེ་པ་དགེ་སློང་ཤེས་རབ་དཔལ་བཟང་མཇལ་བར་འོངས་པ་ཁྱོད་ཀྱི་གའུའི་ནང་དུ་ཅི་ཡོད་ཀྱི་དྲི་བ་གནང་བར། བྱིན་རླབས་མིན་པ་གཞན་མེད་ཞུས་པས། སྤྱན་ཆེར་གཟིགས་ནས་དེ་མིན་པ་ཞིག་ཡོད་པས་གའུ་སྟོན་དང་གསུང་ནས་ཁ་ཕྱེ་བས་ཁོ་རང་ལག་ནག་པའི་དགྲ་ལ་ལས་སྦྱོར་བྱེད་བསམས་པའི་དུག་ཁྲག་གི་རྫས་ཐུམ་ཡོད་པ་བཏོན་ནས་མེར་བསྲེགས་པ་གནང་བ་དགེ་སློང་གི་བསམ་པར་ངན་སེམས་དེ་མཁྱེན་སོང་སྙམ་པའི་བློ་འཇིགས་ཞུམ་པ་བྱུང་སྐད། མར་ལམ་རྒྱལ་གྲུབ་གླིང་འོག་གི་འོབས་རགས་བསམ་གྲུབ་སྒང་པའི་བུ་མོ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་ཉེ་བར་བྱིན་རླབས་གནང་བས་ནད་གདོན་ལས་གྲོལ་ཏེ་གཞི་མེད་གྱུར་བའི་མིང་ཤི་ལྷོགས་སུ་འདོགས་པར་མཛད་དོ། །བདག་རྒྱུད་ཐ་རངས་ཞིང་སར་བློ་སྦྱོང་དང༌། །དམར་འཁྲིད་གདམས་པའི་མྱུ་གུ་ཅི་ཡང་བསྐྱེད། །ངེས་གསང་བྱིན་རླབས་རྗེས་གནང་བཀླག་ལུང་གི །བཀའ་དྲིན་བྱང་ཆེན་དེ་སྲིད་འཁོར་ནུས་མིན། །ཟས་གཙང་སྲས་ཀྱི་རྣམ་གསུམ་འཁོར་ལོའི་བཀའ། །རྒྱལ་བློན་ལོ་པཎ་མཐུ་ལས་འགྱུར་རོ་ཅོག །བསྐྲུན་ལ་བྱ་དཀའ་ཀུན་བཟོད་ཁུར་མཐོང་ཚེ། །མི་སྔོན་རུས་སྦལ་གཟུགས་སྤྲུལ་གཏམ་དུ་ཟད། །ཐུབ་གསུང་ལས་རྙེད་ཁྲི་ཕྲག་བརྒལ་བའི་སྐུ། །བྱང་ཆུབ་མཆོད་རྟེན་བཅུ་ཕྲག་གཟུངས་བཞུགས་ཅན། །སྨན་ལྗོངས་ཡར་ཀླུངས་སྐྱེ་རྒུའི་ལེགས་བྱས་སུ། །གྲུབ་འདི་ཚངས་པ་མིན་པ་བྱེད་པོ་སུ། །ལུས་མེད་ཐུལ་དང་དེ་སྲས་སློབ་མར་བཅས། །དག་ཞིང་རྒྱ་མཚོའི་གནས་ཀྱི་ཡེ་ཤེས་སེམས། །སྤྱན་དྲངས་མཆོད་བསྟོད་མེ་ཏོག་ཆར་དབབ་པར། །ལྷུན་པོས་ཉི་ཟླའི་སྒྲོན་མེ་བཏེག་ནས་ལྟ། །བཟོ་རིག་གཙུག་ལག་ཡངས་པོར་སྦྱངས་པའི་མིག །དྲི་མེད་གསལ་བའི་དཔྱོད་ལྡན་དེར་ཚོགས་ཀུན། །གཏོང་བའི་ཕྱག་རིང་བརྐྱང་ཚེ་ངལ་གསོས་བུའི། །བང་མཛོད་ཕྱེ་ཞེས་ལེགས་བྲིས་མདུན་སར་སྒྲོག །བཀྲ་ཤིས་རྒྱལ་མཚན་འཆང་བ་བྱང་གླིང་པའི། །ཡང་སྲིད་རིན་ཆེན་བསོད་ནམས་མཆོག་གྲུབ་སོགས། །སྣོད་ལྡན་དུ་མའི་སྒྲ་འཛིན་དབང་པོ་རུ། །ཚད་མ་བཞི་ལྡན་སྙན་བརྒྱུད་པི་ཝཾ་བརྡུངས། །ཚུལ་འདིའི་ཆེད་དུ་དགོངས་རྩེ་ཉེར་གཏོད་པ། །མ་འོངས་བརྩེ་ཆེན་བླ་མའི་ཁྱད་པར་གྱི། །ཟབ་དོན་བཀའ་བབས་ཆུ་བོ་མི་ནུབ་པའི། །དྲི་བྲལ་ཡེ་ཤེས་གཟིགས་པར་ད་གདོད་ཁུམས། །ལེགས་ལྡན་དགྲ་སྲོག་ལ་རྔམ་ཁུས་སྒྲ་དང༌། །ལྷན་ཅིག་དམར་ཆེན་ཨརྒྷ་ཆལ་ཆིལ་འཛག །རབ་སྨིན་འབྲས་བུ་ཁུར་དུ་དུད་པའི་ཚེ། །འཛད་མེད་བདུད་རྩིའི་ཆུ་རྒྱུན་ཅི་ཡང་འབབ། །འཁོན་རིགས་འཇམ་དཔལ་དཔའ་བོའི་ཞལ་གྱི་ལུང༌། །རོ་བདའི་བུ་རམ་སྙན་གྱི་བཅུད་དུ་མངར། །བསོད་ནམས་རྒྱལ་མཚན་རྗེ་བཙུན་ཨེ་ཝཾ་པའི། །ཁྲིར་འབྱོན་ལྐོག་གྱུར་གནས་དེ་མངོན་སུམ་མཁྱེན། །བསྐལ་བརྒྱར་ཚེ་བྱིན་བརླབས་ནུས་ས་ཆེན་གྱི། །ཡོན་ཏན་ཁྱོད་ཀྱིས་གཞན་ལ་དངོམ་པའི་ཚེ། །སྔགས་འཆང་ཆེ་དེས་སྤངས་རྟོགས་མཉམ་མོ་ཞེས། །གང་གི་སྦས་པའི་རྣམ་ཐར་སྒྲོག་ལ་བརྩོན། །མཁའ་འགྲོའི་དབང་ཕྱུག་ནེ་གུའི་ཐུགས་ཀྱི་བཅུད། །ཟུང་འཇུག་གར་མཁན་ཁྱུང་པོའི་ཆོས་དྲུག་ལམ། །རྡོར་འཛིན་བྱེད་བའི་གཙུག་རྒྱན་རྒྱལ་རྩེ་བས། །ལེགས་བཤད་མཆོད་ཡོན་སྦྲེངས་པས་ཞལ་སྒོ་འཛུམ། །ཐེག་པ་རིམ་དགུ་ཚང་བའི་དཀྱིལ་འཁོར་དུ། །ཐེག་ཚུལ་འཁྲུལ་པ་མེད་པ་ཉང་རིགས་རྗེས། །ཐེག་ཆེན་བྱང་སེམས་འབྱོངས་པ་གནས་གསར་བ། །ཐེག་མཆོག་བསྟན་པའི་བདག་པོར་མངའ་གསོལ་མཛད། །མཁས་གྲུབ་ཆད་མེད་གདུང་བྱོན་རྔོག་པའི་ཞབས། །དཔའ་བོའི་གྲོང་དུ་ཞུགས་ཚེ་རགས་པའི་པུར། །སྲི་ཞུ་བསྐྲུན་པའི་བཞུགས་གནས་མཆོད་སྡོང་ཆེ། །རབ་བཞེངས་ཆོས་སྐུའི་ཀློང་དུ་ཐུགས་དགོངས་རྫོགས། །དེ་ནས་བཀྲ་ཤིས་ཆོས་ཀྱི་འདུས་པའི་གླིང་ཆེན་པོར་ཕེབས་ནས་ས་ཁྱིམ་རྫོགས་པར་སྟན་ཆགས།