དོ་སྔོན་ཆོས་སྡེའི་སློབ་དཔོན་པཎ་ཆེན་ལུང་རིགས། རིགས་འཛིན་ཀརྨ་གསང་སྔགས། སྣ་མོ་ཤག་གྲུབ་ཆེན། སྨན་སྒོམ་འབྲང་རྒྱས་པ། ཀྲེ་བོ་བླ་མ། སྒྲུབ་རྙིང་བླ་མ་འཇམ་དབྱངས་རྒྱལ་མཚན་སོགས་མང་དུ་བྱུང་བ་ཕལ་ཆེར་གྱིས་གསུང་རྒྱུན་བཟུང་བའི་ཕྱོགས་ཀུན་ཏུ་སྤེལ་ནས་བསྟན་པ་རིན་པོ་ཆེའི་སྲོག་ལེགས་པར་འཐུད་ཅིང་ལ་ལས་ཚེ་འདིའི་རྣམ་གཡེང་མཐའ་དག་རྒྱང་དུ་བསྲིངས་ཏེ་བསམ་གཏན་གྱི་རོ་མྱོང་བ། འགའ་ཞིག་གིས་འཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཤ་སྟག་བྱུང་ཞིང་ཆོས་ཞུ་བ་པོ་མཆོག་དམན་སུ་འདྲ་ཞིག་གིས་ཀྱང་ན་ཡམ་ཙམ་མ་ཡིན་པའི་དོན་དུ་གཉེར་བ་རྣམས་ལ་དམར་འཁྲིད་བཤད་བཀའ་ཕྱག་ལེན་གང་ལའང་བློར་མ་ཆུད་བར་དུ་སྐྱོ་ངལ་མེད་པར་ཡང་ཡང་བསྐྱར་ནས་ཅི་ཆུད་མཛད། དམ་པ་འདིའི་ཡོན་ཏན་གྱི་ཁྱད་པར་ནི་སྐུ་མཐོང་ན་མི་མཐུན་པ་མེད་པའི་མཛེས་ཤིང་བརྗིད་ཆགས་པ་གཞན་སྣང་ཟིལ་གྱིས་གནོན་ཅིང་གང་ཟག་གཅིག་ལའང་མཐོང་ཚུལ་མ་ངེས་པ་སྣ་ཚོགས་སུ་ཤར་བ་མཐོང་བ་ཙམ་གྱིས་ཉོན་མོངས་པ་དང་སྡུག་བསྔལ་གྱི་རྟོག་པ་ཐམས་ཅད་རང་ཤུགས་ཀྱིས་འགགས་པ། ཡིད་བདེ་ཞྀང་བག་ཕེབས་ལ་དགེ་བ་དང་མངོན་པར་རྟོགས་པའི་ཡོན་ཏན་ངང་གིས་འཕེལ་བ། རང་གི་མངའ་ཐང་དང་ལོངས་སྤྱོད་ཀྱི་ཆེད་དུ་གདམས་ངག་མི་མཛད་ནའང་སེམས་ཅན་གྱི་དོན་དུ་འགྱུར་ན་དེར་མ་ཟད་ལུས་ལོངས་སྤྱོད་ལ་ཆགས་པ་མེད་པར་གཞན་དོན་སྒྲུབ་པ་ལ་མི་སྐྱོ་བ་རྒྱལ་སྲས་འཕགས་པ་ངན་འགྲོའི་གནས་ཀྱང་མཐོ་རིས་ཀྱི་དགའ་ཚལ་དུ་གཟིགས་པའི་ངང་ཚུལ་ཅན། ཆོས་ཞུ་བའི་ཚོགས་ལ་ཕོགས་ཟུར་གསོས་མཐུན་རྐྱེན་འཚེམས་མེད་དང་རང་གནས་སུ་འགྲོ་བའི་ཚེ་གནང་སྦྱིན་དང་ཐོས་བསམ་སྒོམ་སྒྲུབ་ཀྱི་བསླབ་སྟོན་བློ་དང་འཚམ་པར་གནང་བས་དཔོན་སློབ་འབྲལ་མི་ཕོད་པ་ལྟ་བུ་བྱུང༌། ཚུལ་ཁྲིམས་ཀྱི་དྲི་ངད་འཐུལ་ཞིང་གཤེགས་བཞུད་དལ་བྲེལ་རན་པ་སོགས་སྤྱོད་ལམ་རྣམས་ལྷུན་ཆགས་པ། གསུང་གི་གདངས་ཆེ་ཆུང་སྙོམས་ཤིང་ཧ་ཅང་དལ་བ་དང་བུལ་བ་མ་ཡིན་པའི་སྙན་ཞིང་འཇེབས་ལ་ཚིག་འབྲུ་གསལ་བས་ཆོས་གསུངས་པ་མཐའ་དག་ཉན་པ་པོའི་ཚོགས་ཀྱིས་ཚིག་དོན་རྟོགས་པར་སླ་ཞིང་བློ་འཁུལ་བས་ཐོས་པའི་མོད་ལ་ཐ་མལ་གྱི་སྣང་བ་འགགས་ཤིང་མི་ཕྱེད་པའི་དད་པ་ཐོབ་སྟེ་རང་དབང་མེད་པར་རྗེ་ཉིད་མ་གཏོགས་མི་རེ་བའི་གུས་པ་སྐྱེས་པས་འབྲེལ་ཚད་དོན་ལྡན་གྱི་སྒོ་ནས་ཐར་པའི་ལམ་དུ་འདྲེན། རང་བཞིན་གྱི་གསུང་གླེང་རྣམས་ཀྱང་བསྟན་པ་འཛིན་པའི་བཤེས་གཉེན། གྲ་པ་ཆོས་བྱེད་ཀྱི་རིགས་སུ་མ་ཟད་སྡེ་དཔོན་སྦྱིན་བདག་ཐ་ན་སྐྱེས་པ་བུད་མེད་རང་བཞིན་པ་ཚུན་ལ་ཡང་སོ་སོའི་བློ་དང་འཚམ་པའི་ངོས་དགེ་བ་ལ་བཀྲི་བའི་ཐབས་མིན་པ། དམག །ཚོང༌། གཤགས། གྲུབ་མཐའ་སྣ་ཚོགས་ཀྱི་ཆོས་དང་བླ་མ་སུན་འབྱིན། འབྲེལ་མེད་ཀྱི་ཉོག་གཏམ། རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་སོགས་མི་གནང༌། ཆོས་གང་གསུང་ཡང་རང་ལུགས་མ་འདྲེས་པ་སྟོན་པ་ལས་གཞན་གྱི་ལུགས་ལ་ཟུར་མི་ཟ། གསོལ་བ་འདེབས་མཁན་མ་བྱུང་བར་བསྟན་ན་ཆོས་བཙོངས་པ་ལྟ་བུར་འགྲོ་ཞེས་འདི་བཞིན་ཡོད་པས་ཉོན་ཅིག་ཅེས་བསྐུལ་མ་མི་གནང༌། ཐོས་བསམ་སྒོམ་པ་འཆད་ཉན་སྐུ་གསུང་ཐུགས་རྟེན་བཞེངས་པ་དགོན་པའི་འཛིན་སྐྱོང་ནད་བ་དབུལ་ཕོངས་ལ་ཕན་བཏགས་པས་མཚོན་མཛད་པ་གང་ལའང་ངས་འདི་བྱས་སོ་བའི་ཡུས་མི་འདྲེན། བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་མཚན་བླ་མ་ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་ལུང་བསྟན་དབུགས་དབྱུང་མངོན་ཤེས་གྲུབ་རྟགས་སོགས་ཡོན་ཏན་ཁྱད་པར་ཅན་བྱུང་བ་སྐད་མི་གསུང་ཞིང་གཞན་ནས་དེ་འདྲའི་དོགས་གནས་ཀྱི་དྲི་བ་ཞུས་པར་མི་དགྱེས་པའི་སྣེ་ཙམ་ཡང་མི་ལེན་ཅིང་དམན་ཆ་ཁོ་ན་གནང༌། ཐུགས་དམ་ཞལ་གཟིགས་ངོ་མཚར་བའི་བསྙེལ་ཐོ་འདི་ས་བོན་ཙམ་ལས་དངོས་སུ་ཞལ་ལུང་ཞུ་ཐུབ་ན་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད་རིགས་སུ་སྣང་ནའང་ད་སྒོས་འདིའི་དོན་འགྲོལ་བར་མ་ནུས་ཤིང་རྟོག་བཟོའི་ན་ཡམས་བྱས་ན་སྐབས་སུ་མ་ཆེ་བས་གང་འདུག་བཀོད་པར། ཚེས་བཅུ་བཞི་ལ་བདེ་མཆོག་ནག་པོ་པའི་སྟ་གོན་ཚུགས་སྒྲུབ་ཅིང་མཆོད་པ་ཐེངས་གཅིག་དང་གཞན་སྒྲུབ་མཆོད་བདག་འཇུག་བཅས་པར་རྡུལ་ཚོན་སྟེང་ནས་ཚར་བཅུ་གསུམ་དབང་ཚར་གཉིས་ཡིད་ཆེས་པར་སོང༌།