R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): [-]
སྐྱ་སེར་མང་པོ་ཚོགས་པའི་སར་རང་ཉིད་མཁས་སོའི་གྲགས་པ་སྒྲོག་ཆེད་དགོས་མེད་དུ་བཤད་པ་མཁས་ཉམས་མི་གནང་ཞིང་ཁྱད་པར་གསང་སྔགས་ཀྱི་ཆོས་སྣོད་ལྡན་མ་གཏོགས་ནོར་དང་ངོ་བསྲུང་གི་སླད་དུ་སྟོན་པ་དང་ཁྲོམ་སྒྲོགས་མཛད་པར་ཡ་ཤིན་ཏུ་ང་བའི་གླེང་བརྗོད་དང་དེ་དང་མཐུན་པར་བཀའ་དམ་པར་མཆིས། ཐུགས་ཕྲ་རགས་ཀྱི་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་རྫོགས་རིམ་གྱི་ལམ་བཟང་པོའི་གྲུབ་མཐའ་སྙོགས་པ་རྣལ་འབྱོར་དབང་ཕྱུག་དང་ལོ་ཆེན་འབྲོག་མི་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་གནས་རྣམས་བརྗོད་པའི་ཡུལ་ལས་འདས་མོད་མདོ་རྒྱུད་ཀྱི་ཆོས་ཚུལ་གང་ལའང་ཚེགས་ཆུང་ངུ་ཙམ་གྱིས་ཐུགས་སུ་ཆུད་པས་དུས་འཁོར་དང་མཁའ་འགྲོ་རྒྱ་མཚོ་སོགས་དཀྱིལ་འཁོར་ཤིན་ཏུ་ཆེ་བ་ལ་ཉིན་བཞི་ལྔ། བདེ་མཆོག་ལོ་ནག་གུར་རིགས་བསྡུས་ཀྱིས་མཚོན་པར་ཉིན་གཉིས་ཙམ། དཀྱིལ་འཁོར་ཆུང་བའི་རིགས་ལ་ཉིན་རེའི་བསྙེལ་གསོས་མཛད་པས་སློབ་མ་རྗེས་སུ་འཛིན་པའི་དུས་ཚིག་ཟུར་ཕྲ་བ་ལ་ཡང་སྐྱོན་མེད་པའི་རྒྱུན་གྱི་ཞལ་འདོན་ལྟར་བྱང་ཆུབ་པ་དང་ཐུགས་འཛིན་གསར་དུ་གནང་དགོས་ལའང་ས་གླང་འཕྲེང་པའི་སྙན་གསན་ཕུལ་བ་ཟླ་བ་གསུམ་ཙམ་གྱི་ཁོངས་སུ་ཤེར་ཕྱོགས་ཀྱི་ལུང་གསན་པ་སོགས་དང་འདོམ་པའི་སྲུབས་དབར་ལ་པཎ་ཆེན་ཐར་རྩེ་བས་མཛད་པའི་ཕྲེང་བའི་མངོན་དཀྱིལ་ཤོག་བུ་ཉིས་བརྒྱ་ལྷག་ཙམ་དེ་ཤིན་ཏུ་བྱང་བ་ཐོས་ལོ་ཟེར་ལོ་མ་ཡིན་པར་ཁོ་བོའི་མངོན་སུམ་དུ་གྱུར་ཅིང་མདོར་ན་བྱིན་རླབས་རྗེས་གནང༌། རིག་གཏད། འཁྲིད། མན་ངག་གང་གི་སྐབས་སུའང་ཆགས་ཐོགས་མི་མངའ་བ་བློ་ཆེན་ཚངས་པ་རྒན་པོས་ཀྱང་འགྲན་པར་ག་ལ་ནུས། ཆོས་མཐུན་འཚོ་བ་མེད་པ། ཡ་རབས་དམངས་སུ་བབས་པ། རྒས་ཤིང་ཁོགས་པ། ངན་སོང༌། ནད་པ། དབུལ་འཕོངས་ཉམ་ཐག་གི་རིགས་རྣམས་ལ་རང་གི་བུ་གཅིག་པུ་ལྟར་རྗེས་སུ་བརྩེ་ཞིང་སྐུ་ལ་བསྡོ་བའི་དྲག་པོར་ཆོས་སྐྱོང་གིས་འཕྲིན་ལས་རང་ཤུགས་ཀྱིས་བསྒྲུབས་ན་མིན་པ་འཁོན་འཛིན་དང་ལས་སྦྱོར་དམིགས་སུ་ཕུག་པ་མི་གནང་བར་ཐེག་པ་ཆེན་པོའི་བློ་སྦྱོང་བ་འབའ་ཞིག་གིས་ལྟས་ངན་གཡང་དུ་ལེན། སྐྱེ་བ་དང་འཇུག་པ་ལ་དབང་ཐོབ་པས་བྱང་གཙང་རོང་གསུམ། གྲ་དོལ་ཡར་ཤར་ནུབ་ནས་རྒྱལ་ནད་སྨྱོ་འབོག་སོགས་གདོན་དྲག་པོས་ཟིན་ཏེ་སྨན་པས་བོར་བ་དུ་མའང་བཀའ་བསྒོ་རྗེས་གནང་བྱིན་རླབས་ཙམ་གྱིས་ནད་གདོན་རྣམས་ཕྱིར་འཕོ་བ་དང་རྩ་ལོག་རླུང་ལོག་གི་གེགས་སེལ། འདུ་བ་རྣམ་བཞི་འཁྲུགས་པ་སྨན་གྱིས་མ་སྙོམས་པ་དག་ཀྱང་གཞིལ་ཏེ་འཆི་བདག་གི་ཁ་ནས་ཕྱིར་སློག་པ་གྲངས་མང་བ་ཐུགས་རྡོ་རྗེའི་ཏིང་འཛིན་ལས་སུ་རུང་བའི་མཐུར་སེམས། དབང་གི་ཡེ་ཤེས་འབེབས་པ་གནང་ཚེ་ལུས་ཀྱི་གར་བྱེད་ཅིང་འཕར་གཡོ། ངག་གླལ་ཞིང་སྨྲ་ཉམས། སེམས་བདེ་སྟོང་གི་ངང་དུ་ལྷན་ནེར་འགྲོ་བ་སྣ་རེ་ངེས་པར་འོང་གཤིས་ད་ལྟ་རང་ཡེ་ཤེས་ཕེབས་བྱུང་སྙམ་པའི་དགའ་སྤྲོ་མོས་གདུང་ཚད་མེད་པ་འབྱུང༌། སྒམ་ཞིང་དུལ་ལ་ངོ་ལྐོག་ཆུང་བས་ལན་ཅིག་མཇལ་བ་དང་རྒྱུན་དུས་འདྲིས་པ་གཉིས་ལ་ཁྱད་པར་མེད་པ་བཀའ་གདམས་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་དང་མཚུངས། ཕྱོགས་ཕེབས་ཀྱི་འཆད་ཉན་གྱིས་གཙོས་པའི་གཞན་ཕན་གྱི་འཕྲིན་ལས་སྐྱོང་དགོས་པའི་སྐབས་མ་གཏོགས་དོན་མེད་ཀྱི་འདུ་འཛིའི་རྗེས་སུ་མི་འབྲང་བར་སོ་སོད་ལྐོག་ཉལ་གྱི་ཅི་བདེར་གནས་པ་ལ་མཚམས་ཀྱི་མིང་བཏགས་པའི་ཆེན་པོ་རྣམས་ཀྱི་སྤྱོད་ཚུལ་བུག་སྒོ་འདག་དབྱར་གྱི་ཁོངས་ནས་ཡིག་འགྲུལ་དང་མདུན་གཤོམས། མཚམས་ཡུན་རིང་དུ་བཅད་ཀྱང་ད་ལམ་དམིགས་བསལ་གྱི་གལ་ཆེན་བྱུང་ཟེར་བ་ཚོ་དང་མི་འདྲ་བའི་ཐོག་མར་ཇི་ཙམ་བཅད་པ་ནས་བཟུང་གྲོལ་བའི་དུས་ལ་མ་སླེབ་ཀྱི་བར་དུ་དམ་བཅའ་ལས་མི་གཡེལ་བ་ལྷུར་མཛད། ཐུགས་བྲེལ་དང་སྐུ་བསྙུན་པ་གང་གིའང་རྗེས་སུ་མི་འགྲོ་བར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐེག་པ་ཆེན་པོའི་བློ་སྦྱོང་སོགས་ཀྱི་སྤྲོས་མེད་དང་ཆོ་ག །ལྗགས་བཟླས། གཏོར་ཆོག །དུས་གཏོར་བླ་མ་རྣམས་ཀྱི་དུས་དྲན་གྱིས་མཚོན་པ། ཞག་རེ་དང་ཟླ་རེའི་སྟར་ཆགས་རྣམས་ལ་ཐང་ལྷོད་མ་ཤོར་བའི་ཅི་མཛད་རྒྱ་བོད་ཀྱི་པཎ་གྲུབ་ཀྱི་རྣམ་པར་ཐར་པ་དང་མཐུན་པར་སྣང་ངོ༌། །འདི་ལོའི་དབྱར་སྔར་དང་མི་འདྲ་བའི་མེ་ཏོག་ལ་ཤིན་ཏུ་མཉེས་ཤིང་དེའང་རྟེན་གྱི་དྲུང་དུ་མི་བསྒྲིག་པར་སྐུའི་རྒྱབ་མདུན་གཡས་གཡོན་ཁོར་ཡུག་བསྐོར་བ་ལ་སྤྲོ་བར་མཛད་པ་ནི་འོག་མིན་སོགས་ཀྱི་གནས་རྣམས་སུ་མེ་ཏོག་གིས་བརྒྱན་པའི་བཀོད་པ་བཤད་པ་དང་མཐུན་པའི་ཞིང་ཁམས་གཞན་དག་ཏུ་གཤེགས་པའི་བརྡར་སྣང༌།