R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): [-]
མཆོད་དཔོན་འཇམ་དབྱངས་ལ་ཉིན་གཅིག་ཀྱལ་ཀའི་ཚུལ་དུ་ང་ཤི་ན་སྐྱེ་བ་བླངས་པ་དགའ་འམ། མ་བླངས་པ་དགའ་གསུང་བར་དེ་འདྲ་མི་གནང་བ་ཞུ། རྣམ་རྟོག་ཀྱང་ཟ་དེ་བཞིན་བྱུང་ན་སྐྱེ་བ་བཞེས་པ་རང་ལོས་དགའ་ཞུས་པས་ཁྱེད་རང་ཚོ་བསམ་བློ་ལེགས་པོ་ཞིག་ཐོང་དང་བསམས་བཞིན་སྲིད་པར་སྐྱེ་བ་བཞེས་པ་ནི་ངོ་མཚར་ཆེ་ཤས་ཁ་གཞན་མ་སྐྱེ་བ་ཟེར་ཚད་ནི་ཡ་མཚན་རྒྱུ་རང་ཅི་མཆིས་འཁོར་བ་ཐོག་མ་མེད་པ་ནས་འཁོར་བཞིན་པར་འདུག་ཁྱོག་ཁྱོད་ཚོ་དང་ང་མི་འདྲ་བས་ལྟོས་ཞིག་གསུང་པ་དང་གཞན་ཡང་ཐེངས་འགའ་རེ་དེ་དང་དབྱིབས་མཚུངས་པ་ཁ་ཡར་གནང་བ་ལོ་རྟིང་མ་གཟུགས་སྐུ་རགས་པའི་ཟ་མ་ཏོག་བསྡུ་བའི་བརྡར་སྣང་ཡང་ཕྱག་ཕྱི་རྣམས་ལ་རྟོག་པ་འཕྲོས་ཆོད་དུ་མི་གདའོ། །རང་ཆེ་ཁེངས་པའི་རི་བོ་མཐོན་པོའི་རྩེར། །ལེགས་བཤད་གཏམ་གྱི་ཆུ་བོ་ག་ལ་འདྲོངས། །གཟུར་གནས་ཐུགས་ཀྱི་གཤོང་བུར་མདོ་རྒྱུད་ཀྱི། །མཁའ་གླང་གཟེགས་མ་ཕྱོགས་བརྒྱ་ནས་འབབ་འཁྱིལ། །འཇིག་རྟེན་མཐུན་འཇུག་གཏན་བདེའི་དོན་པོ་ཆེར། །རློམས་ན་ཆོས་ཉིད་བདེན་སྟོན་ཐུབ་པ་ཡི། །བཞེད་འབྲས་གསུང་ལས་སྐྱེས་པའི་སློབ་བུའི་ཚད། །རྒྱུ་སྐར་གྲངས་ཀྱིས་གཞལ་ཡང་རྟོགས་ནུས་མིན། །མཐོང་བས་མཚན་དཔེའི་མཛེས་སྐུ་མི་མཐུན་བྲལ། །ཐོས་པས་དྲུག་ཅུའི་དབྱངས་སྙན་རྣ་བའི་དཔྱིད། །དྲན་པས་སྲིད་ཞིའི་འཇིགས་སྐྱོབ་ཆོས་ཀུན་གཟིགས། །རྣམ་འདྲེན་ཡོན་ཏན་ཚོགས་རྣམས་གཅིག་བསྡུས་འདྲ། །ཆགས་བྲལ་ཚུལ་ཁྲིམས་དྲི་ལྡང་ཉན་ཐོས་གཟུགས། །གཞན་ཕྱིར་ལུས་སྲོག་གཏོང་ཕོད་རྒྱལ་བའི་སྲས། །བདག་མེད་གཙོ་མོས་མགྲིན་པར་རྟག་འཁྱུད་པའི། །སྒྱུ་མའི་རོལ་རྩེད་འདི་ཀོ་སུ་ཡིས་བསྐྲུན། །འཇིག་རྟེན་སྤྱོད་པའི་རྗེས་འགྲོ་ཆོས་བརྒྱད་གདོན། །ཕྲ་མོའི་ཤས་ཀྱང་གང་ཐུགས་མ་གོས་པས། །ཅི་མཛད་དམ་པའི་ཆོས་སུ་ཉེར་འགྲོ་བར། །ཤཱཀྱ་སེང་གེའི་རྣམ་ཐར་དཔེ་ཟླར་འོས། །མཐོན་པོའི་གྲུབ་མཐའ་སྙོགས་ཏེ་ཟུང་འཇུག་སྐུར། །བཞེངས་པར་ངེས་ཀྱང་ད་དུང་སློབ་ལམ་ལ། །སྦྱོངས་ཞེས་དམན་ཆ་འཛིན་པའི་ཟོལ་སྦྱོར་འདི། །ཆེར་སྙིགས་གདུལ་བྱའི་སྣང་ངོར་དགོངས་སམ་སྙམ། །ཞིང་གཞན་བཟང་པོའི་སྐལ་བ་ཅན་གྱི་འགྲོ། །འདྲེན་ལ་སྤྲོ་བའི་རྩེ་འཇོ་རྒོད་པའི་བརྡ། །རྟོགས་མིན་ཡིད་སྲུབས་མཐུ་ལས་ཀུན་དགའ་བོའི། །གསོལ་གདབ་རྟོག་ཚོགས་རགས་པ་འགགས་པའི་སྤུན། །སྒྱུར་བྱེད་ཅེས་པ་ས་ཕག་ཧོར་ཟླ་དང་པོའི་ནང་དུ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་མདོ་དབང་གིས་གཙོས་པའི་གསང་སྔགས་གསར་རྙིང་གི་ཟབ་ཆོས་མང་དུ་ཞུ་བའི་རྩིས་ཡིན་ནའང་གནས་ཆུང་ཆོས་སྐྱོང་ཆེན་པོ་ཁོག་ཏུ་བརླམས་ཏེ་ད་ལམ་ཆོས་བཀའ་སོགས་རྒྱས་པར་ཚུགས་ན་ཁྱེད་དཔོན་སློབ་སུ་རིགས་ལ་གེགས་ཆེ་བ་འདུག་པས་སྐོར་ཅིག་འཐེན་པའི་སླར་རིམ་གྱིས་བཙུགས་ཆོག་ཚུལ་གྱི་ཞིབ་ཆ་སྡེ་པ་བློ་བཟང་མཐུ་སྟོབས་ལ་གསུངས་འདུག་པ་བཞིན་རྗེ་བླ་མར་ཡང་དེ་བའི་རྒྱུ་མཚན་ཕུལ་ཞིང་ཞག་བདུན་ཙམ་བཞུགས་རིང་ལྗགས་ལུང་ཐུང་ཐུང་འདྲ་དང་ཆོས་དང་འབྲེལ་བའི་གླེང་མོ་གང་འཕེལ་ཞུས་ལེགས་ལྡན་རྗེའི་ཤངས་མཚལ་གྱི་ཁུ་བས་བརྫིས་པའི་ཚེ་དཔག་མེད་ཀྱི་སྐུ་ཁྱད་ཅན་དེ་གནང༌། ད་ལོ་སྐུ་དོག་ཡོད་པར་སྐུ་རིམ་དང་ཆོས་སྡེར་སྐུ་མཚམས་གནང་རྒྱུ་ཡང་ཚེ་སྒྲུབ་དང་བསུན་བཟློག་ལ་ཆེད་གཉེར་མཛད་དགོས་ཚུལ་གསོལ་བ་ན། རྗེ་མཁྱེན་བརྩེའི་གསུང་མགུར་དུ། ཚེ་རིང་ལོ་བརྒྱ་ཐུབ་པ་དང༌། །ཚེ་ཐུང་ད་ལྟ་ཤི་བ་གཉིས། །རྣམ་པའི་སྒོ་ནས་ཁྱད་པར་ཆེ། །ངོ་བོའི་སྒོ་ནས་བཟང་ངན་མེད། །ཐམས་ཅད་སྒྱུ་མ་རྨི་ལམ་ཡིན། །ཚེ་རིང་ཐུང་གང་དགའ་མ་དགར་ཞོག །ང་འཆི་བ་ལ་འཇིགས་པ་མི་གདའོ། །ཞེས་པའི་དོན་དང་མཚུངས་པར་བཀའ་ལས་ད་ཆ་བློ་སྦྱོང་བའི་ལུགས་ཡིན་པས། ན་བ་དགའ་ན་ན་བ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་ལུང་འདྲེན་དང་བཅས་ན་ཤི་གསོན་པར་ཅི་བྱུང་ཡང་དཀོན་ཅོག་ལ་བློ་བཀལ་ནས་ཤི་དོགས་པའི་རིམ་གྲོ་བྱས་ན་དཀོན་མཆོག་ལ་ཡིད་མ་ཆེས་པར་འགྲོ་བ་འདྲ་གསུང་པར་གཅིག་ཏུ་དེ་བཞིན་ཡིན་ཀྱང་རྒྱ་བོད་ཀྱི་དམ་པ་ཚོའི་རྣམ་ཐར་ལ་བརྟགས་ཚེ་དགག་བྱ་དགོས་དབང་གིས་ངེས་པ་མི་འདུག་པས་རེ་ཞིག་གི་བར་དུ་འཚོ་ཞིང་གཞེས་ནས་སྤྱི་སྒོས་མཐའ་དག་གི་བསྟན་པའི་སྲོག་ཤིང་དུ་འགྱུར་ངེས་པས་ཐུགས་སྣ་བསྟུངས་པ་དེ་ལྟར་མི་ལེགས་ཚུལ་ནན་ཏར་གསོལ་བ་ན་བཀའ་བཞིན་བསྒྲུབ་གསུང་བ་རྗེས་སུ་བྱས་ཚེ་གཞན་ངོ་བསྲུང་བར་འདུག