[A:༥༥༠]བླ་མ་ཡི་དམ་ཆོས་སྲུང་དང༌། །དབྱེར་མེད་མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །སོ་སོར་མེད་ཀྱང་སྣ་ཚོགས་གཟིགས་པའི་ཚོན། །ཀུན་རྫོབ་དངས་ཤེལ་དངོས་སུ་འཇའ་ལྟར་བཀྲ། །རྣལ་འབྱོར་དབང་མོས་རྗེས་བརྩེ་དྲིལ་བུའི་ཞབས། །སྐྱེངས་ནས་མཁའ་སྤྱོད་ཞིང་དུ་བྲོས་པ་དང༌། །ལྷན་ཅིག་ཚངས་སྤྱོད་བརྟུལ་ཞུགས་བརྟན་པོ་ཡིས། །ཉེ་བར་འཁོར་གྱི་བསྙེམས་པ་ཆུང་ངུར་བྱས། །རྡོ་རྗེ་ཆོས་སྐྱོང་བྲན་འཁོལ་གནམ་ལྕགས་ཐོག །ཡིད་སྲུབས་བྲག་རི་བཏགས་ལ་མཚར་དུ་ཅི། །དབང་བཞིའི་ལམ་ཀྱི་བགྲོད་པས་ཚེ་གཅིག་ལ། །སྐུ་བཞིའི་གོ་འཕང་རྙེད་དེར་གང་གིས་བསྙོན། །འབུམ་ཕྲག་ལྕེ་ཡིས་བསྐལ་པར་བརྗོད་པའི་ཚད། །བཟུང་བར་ནུས་མིན་བདག་བློས་ག་ལ་སྲིད། །ཚངས་པས་ཟག་བཅས་བདེ་བའི་གཉིད་སྤངས་ཏེ། །བསམས་ཀྱང་རྟོགས་དཀས་སྙིང་ལས་ཆུང་ངུར་གྱུར། །འོན་ཀྱང་འདི་ཙམ་མཐོང་སྤེལ་སྨྲ་བ་ཡི། །འདབ་ཆགས་གྲིབ་ལྟར་རྗེས་འབྲེལ་ཡང་སྲིད་ཀུན། །ཚད་མ་བཞི་ལྡན་ཆོས་དང་དེ་སྟོན་པའི། །བླ་མས་རྗེས་འཛིན་སྐལ་བཟང་ཐོབ་བམ་སྙམ། །ཞབས་དྲུང་བརྟན་པའི་དྲུང་ངམ་བསོད་ནམས་རབ་བརྟན་དུ་གྲགས་པ་ལ་འདར་ཆོས་རྫོང་པའི་སྲས་མོ་དཔོན་ས་ནམ་མཁའི་དྲུང་བླངས་པར་སྲས་མ་བྱུང་བའི་ཆུན་མར་ཚེ་དབང་དྲུང་བསྲུས་པའི་སྲས་འ་ཞ་ནམ་མཁའ་ཕུན་ཚོགས་ལ་རྭ་ལོའི་གདུང་བརྒྱུད་སྡེ་པ་བརྒྱ་ཚོ་བའྀ་ལྕམ་བསོད་ནམས་འབོ་ལེ་ཞེས་པར་སྲས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ནམ་མཁའ་ཚེ་བརྟན་རྡོ་རྗེ། ནམ་མཁའ་མགོན་པོ། ནམ་མཁའ་