R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): ༥༥༨
[A:༥༥༨]དུ་བཞུགས་མ་འདོད་པར་འདུག་གྲལ་འགོར་བཞུགས་ཆུག་ཟེར་བ་དེ་བཞིན་དུ་མཛད་པས་དགྱེས་པའི་རྣམ་འགྱུར་བསྟན་པ་ན་ཉེ་སྐོར་དུ་འཁོད་པ་རྣམས་བྱིས་པ་དཀྱུས་མའི་ངང་ཚུལ་དང་མི་ལྡན་པ་ཞིག་གོ་སྙམ་ངོ་མཚར་དུ་འཛིན། དགུང་ལོ་གཉིས་འགྲོ་བའི་ཚེ་རྗེ་དབང་ཕྱུག་རབ་བརྟན་གྱིས་སྐུ་འགག་གསར་པ་བཞེས་ནས་བྱང་གཏེར་གྱི་ཚེ་དབང་ལྕགས་སྡོང་མ་སྩལ་བའི་སྐབས་སྐུའི་དབྱིབས་དང་ན་བཟའི་ཁྱད་པར་སོགས་ཐུགས་ལ་ངེས་ཏེ་སྐུ་ན་ཡར་ཕེབས་ནས་དྲན་ཞེས་སྐུ་འཁོར་བ་ཚོར་བཀའ་སྩལ་པ་ནི་ལོ་ངོ་གཉིས་ཀྱི་དུས་དེ་འདྲ་གང་ཟག་ཕལ་པར་འབྱུང་བ་མི་སྲིད་ཅིང་གལ་ཏེ་དུས་དེར་ངོ་འཕྲོད་པ་ལྟ་བུའི་དབང་དུ་བྱས་ནའང་རྗེས་སུ་དྲན་གསོས་པར་རང་ཅག་རྣམས་ལ་མི་འབྱུང་བ་མངོན་སུམ་དུ་གྲུབ་པས། མངོན་པ་ཀུན་ལས་བཏུས་སུ། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་སྐུ་ཚེ་གཞན་དུ་ཞི་གནས་སམ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གོམས་པའི་ནང་རྟགས་ཕྱིར་ཤར་ཏེ་བློ་ལྡན་ཞིག་གིས་དཔྱད་ན་འདི་གཅིག་པུའི་རྣམ་ཐར་ཡང་དཔག་པར་དཀའའོ། །སྔོན་མེད་པའི་རྡོ་ཆུང་ངུ་དང་འཇིམ་པ་སྤྱིན་པོ་མང་པོ་ཁུ་ལུང་གི་གཞིས་ཀའི་ལྟག་ནས་རྙེད་པ་དང༌། ཟན་སོགས་ལ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེའི་དབྱིབས། དཀོན་ཅོག་གི་སྐུ་གསུང་ཐུགས་རྟེན་གྱི་རྣམ་པ་བསྒྲིགས་པར་ཏིང་དང་ཀོང་བུ་སོགས་བཟོས་ནས་མཆོད་པ་འབུལ་བ། དུང་དཀར་བུས་ཏེ་དགེ་འདུན་ཚོགས་པ། ཆོས་འཆད་ཉན་གྱི་ཚུལ་དང༌། དེ་བཞིན་དུ་རང་ཉིད་ཀྱི་བླ་མ་དང་