R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༣༩
[A:༣༩]ཁུར་ཆེ་བཞེས་ཀྱིས་ཞལ་བཀོད་གནང༌། ཤམྦྷ་ལ་དང་འབྲས་སྤུངས་འདྲི་བའི་ས་སྟོངས་ད་ལྟ་ཡང་ལུས། མཁར་ལས་ཀྱི་འཚུབ་ཆའི་རྣམ་པས་རྗེ་ཉིད་ཤིན་ཏུ་བསྙུན་པར་ངོར་སྒྲུབ་ཁང་དུ་སྙན་འབུལ་མཛད་པ་ན་ཐུགས་དམ་སྐྱབས་འཇུག་དང་སྐུ་རིམ་སོགས་ཀྱི་བསླབ་བྱ་གནང༌། འགག་ཏུ་མི་སུ་སླེབས་བྱུང་ཡང་གཏམ་ངན་གང་ཁྱེར་ཡོད་དམ་བསམ་སེམས་ལ་གཙེར་པོ་བྱུང་གསུང༌། འདར་དུ་ཞུ་མི་གནང་བར་བཞུགས་འདིང་རྙིང་པའི་བྱིན་རླབས་རྟེན་དང་བཅས་ད་ལམ་སྐྱོན་ཅི་ཡང་མི་ཡོང༌། ཐུགས་དོགས་རྒོད་པོ་དེ་ཉམས་ཡིན་ཚུལ་དང༌། བླ་མ་ཡི་དམ་སྲུང་མའི་བྱིན་རླབས་ཀྱིས། །རྡོ་རྗེའི་སློབ་བུ་བསོད་ནམས་མཆོག་གྲུབ་ཀྱི། །ཚེ་འཕྲེང་ཚེ་ཡི་བར་ཆད་ཀུན་སྒྲོལ་ནས། །ཚེ་རིང་ནད་མེད་ལོ་བརྒྱར་བརྟན་པར་ཤོག །ཅེས་པ་གནང་ཞིང༌། འདི་དག་གི་སྔ་གོང་ཀུན་མཁྱེན་རོང་སྟོན་ནས་བརྒྱུད་པའི་ཚེ་སྒྲུབ་ཞག་བདུན་མའི་ལྗགས་བསྙེན་གནང་བའི་འོད་གསལ་དུ་བྲིས་ཐང་ཞིག་གི་ལྡེབས་ལ་བྱོན་པས་གཙོ་བོ་ངོ་མི་མཁྱེན་པ་ལ་ལྷ་མགྲོན་དུ་ཀུན་མཁྱེན་གུང་རུ་ཕྱག་གཉིས་ཕུས་སྟེང་དུ་བརྐྱང་པ་འདི་ཁྱོད་ཡིན་ཞེས་མི་ཞིག་གིས་ཟེར། སྐུ་དེའི་མདུན་ན་རིལ་བུ་འདྲ་མོ་བཞི་འདུག་པ་བྱུང་བ་མནལ་སད་ནས་ཐུགས་སོམ་ཉིར་གྱུར་ནས་རྡོ་རྗེ་འཆང་ལ་ལོ་བཞི་ལྟ་བུ་གཅིག་ལ་འཆི་བ་འདྲ་བརྟག་པ་གནང་དགོས་སྙན་འབུལ་ཞུ་བ་མཛད་པར་བཞི་ལ་མིན་པ་འདུག་བཞི་བཅུ་ལ་དགོངས་པས་ཆོད་དགོས་པ་འདྲ་འོན་ཀྱང་གེགས་སེལ་བྱེད་གསུངས། ཚེ་དབང་མང་པོ་དང་བྱིན་རླབས་གནང་བ་གོང་གི་བདེན་སྟོབས་བརྗོད་པ་སོགས་ཀྱིས་སྐུ་ཚེའི་འཕྲེང་སྒྲོལ་བར་ཐུགས་ངེས་ཤེས་གནང་འདུག་ཅིང༌། མནལ་ལྟས་