R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༤༠
[A:༤༠]འདི་དགུང་ལོ་སུམ་ཅུ་ཟིན་ཙམ་གྱི་ཚོད་ཡིན་འདྲ་བས་ད་ཆ་བདུན་ཅུའི་ནང་དུ་ཕེབས་གཤིས་ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་ཕེབས་སྒོ་དེ་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས་པ་ཁོ་ནར་སྣང་ཞིང་གེགས་སེལ་གྱི་ཚེ་དབང་གནང་བའི་མཐུས་ད་ཆ་གྲངས་ཚད་ལས་ཀྱང་བརྒལ་བ་བཞུགས་པར་མངོན། སྐུ་ཁམས་དངས་རྗེས་རབ་གནས་བཀྲ་ཤིས་རྒྱས་བྱེད་སྟེང་ནས་རྣལ་འབྱོར་རྒྱུད་དང་རྗེས་སུ་འབྲེལ་བའི་རབ་གནས་ཉིན་གཉིས་མའི་རྡོ་རྗེ་སློབ་དཔོན་དུ་རྒྱལ་ཀུན་ངོ་བོ་རྗེ་བཙུན་བླ་མ་རིན་པོ་ཆེ་བསོད་ནམས་མཆོག་གྲུབ་ཉིད་ཕེབས་ཏེ་སངས་རྒྱས་ཏེ༷་སྲས་སློབ་མར་བཅས་པའི་ཡེ་ཤེས་སེམས་དཔའ་བཞུ་བླུགས་སུ་དམ་ཚིག་པ་ལ་བསྟིམ་ནས་ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱ་ཆེར་མཛད། འདུ་ཁང་གི་ཞལ་སྤྲོར་ཚོགས་པ་ལ་སེམས་ཉིད་ངལ་གསོའི་ཉམས་འཁྲིད་ཟླ་བ་གཅིག་གི་བར་དང་བུ་སྟོན་རིན་པོ་ཆེའི་བཀའ་འབུམ་གྱི་ལྗགས་ལུང་བཙུགས་པས་ཐོག་མར་གྲ་དམངས་ཕལ་ཆེར་ཡོད་ནའང་བརྒྱད་སྟོང་པ་ནས་བཤད་པའི་བདུད་ལས་ཀྱི་རྣམ་པས་ཇེ་ཉུང་དུ་སོང་བ་ཡོངས་རྫོགས་འདྲིལ་བ་ལྔ་ཙམ་ལས་མ་བྱུང་ཞིང་དེང་སང་ནི་ལྔ་པོའི་ཁྲོད་ནས་ཀྱང་གཅིག་ལས་མ་ལུས་འདུག་པས་བརྒྱུད་ཡིག་ཡོད་ངེས་ཀྱི་རྒྱུན་རྣམས་འབད་རྩོལ་བྱེད་རན་དུ་སྣང་ངོ༌། །ཉེས་བརྒྱ་འཁོར་བ་ན་ཀྲའི་གྲོང་ཁྱེར་གྱིས། །ཉེས་དམིགས་ཚུལ་ལ་ངེས་པར་ཐུགས་བྱུང་བས། །ཉེས་བྲལ་ཕུན་ཚོགས་ཆོ་གའི་གྲུ་གཟིངས་ཀྱིས། །ཉེས་ལྟུང་དྲི་བྲལ་རིན་ཅེན་གླིང་དུ་བྱོན། །འཆི་མེད་པད་འབྱུང་གདུང་འཚོབ་གནས་གསར་བར། །འཆི་བའི་དངོས་བརྒྱ་འཛོམས་པར་གསོལ་བཏབ་ཚེ། །འཆི་དང་སྐྱེ་བར་དབང་བའི་གདེངས་ཚད་མཐུས། །འཆི་བདག་ལོ་ལྔར་བཟློག་