R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༥༥
[A:༥༥]ཆོད་གནང༌། དེ་འཕྲལ་གཞི་གསུམ་ཆོ་ག་འཕྱུགས་མེད་འཛུགས་དགོས་པའི་བཅའ་ཡིག་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཕྱག་ཐམ་གྱིས་མནན་པ་ཞུ་བ་མཛད། ཕྱག་ལེན་སྤྱན་འཁྲིད་ལ་ཐོན་རྒྱལ་བྱེད་ཚལ་བའི་སློབ་དཔོན་དོན་གྲུབ་དཔལ་བ་བླ་བྲང་རྒྱལ་མཚན་མཐོན་པོ་ནས་རྫོང་བདའ་གནང་སྟེ་དབྱར་གནས་གསོ་སྦྱོང་དགག་དབྱེ་རྣམས་ལེགས་པར་ཚུགས་སོ། །རྡོ་རྗེ་འཆང་དངོས་དཔལ་ལྡན་བླ་མ་གཉིས། །མཁའ་སྤྱོད་ཞིང་དུ་གཤེགས་ཀྱང་དམ་པ་ཁྱོད། །བྱང་ཆེན་དེ་སྲིད་རྗེས་འཛིན་ནང་རྟགས་ཕྱིར། །སྟོན་པའི་སྐལ་བཟང་འདི་ལ་སུ་མི་སྨོན། །ལྔ་བདོའི་སྣང་ཚུལ་རྩུབ་མོའི་ཚེར་མལ་ལ། །སྙིང་སྟོབས་བཟོད་པའི་ཡ་ལད་བཙན་པོ་ཡིས། །བུ་སྟོན་རིང་ལུགས་སྲིད་མཐར་སྤེལ་བའི་ཁུར། །འདེགས་ལ་མི་ངལ་རྒྱལ་སྲས་རྣམ་པར་ཐར། །གར་ཐིག་དབྱངས་ཀྱི་ཕྱག་ལེན་རྒྱ་ཆེར་སྤེལ། །རྣལ་འབྱོར་རྒྱུད་སྡེའི་སྨིན་བྱེད་སྒོ་འཕར་ཕྱེ། །རིན་ཆེན་གྲུབ་ཀྱི་གསུང་རབ་སྲོག་གི་ཟུངས། །འདི་ཀོ་དགའ་ལྡན་གནས་ནས་བྱོན་ཏམ་ཅི། །གཏིང་མཐའ་མི་མངོན་གསན་བསམ་ཆུ་གཏེར་ནང༌། རྒྱུ་ཡང་ངོམ་མེད་ཚོར་བའི་གསེར་སྦལ་དེའི། །སྙན་པའི་གྲགས་པ་ཐོས་ན་དེང་དུས་ཀྱི། །བསྟན་འཛིན་ཁྲོན་པའི་འཕར་འགྲོ་དོན་སྙིང་འགས། །ལོག་པར་འཁུ་བའི་དགྲ་བགེགས་བྲག་གི་རི། །མ་ཧེའི་ཞལ་ཅན་མཐུ་སྟོབས་རྡོ་རྗེའི་ཐོག །འབེབས་དང་ལྷན་ཅིག་དྲུག་ཅུ་རྩ་བཞིའི་དཔལ། །འཕན་ཁྱོད་རྡོར་འཛིན་བྱེ་བའི་གཙུག་གི་རྒྱན། །གཡུ་འབྲུག་ཕྱག་རྒྱའི་མཁའ་འཁྲིགས་སྒྲ་སྙན་པོ། །སྒྲོག་ཚེ་མི་ཆོས་ཆར་གྱིས་མྱུ་གུ་བསྲིངས། །གསེར་གཞོང་མར་ཁུས་བཀང་བའི་