R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༩༢
[A:༩༢]རྗེས་གནང༌། གསང་འདུས་འགྲེལ་ཆེན་སོགས་ཀུན་མཁྱེན་བུའི་གསུང་རབ་དུ་མའི་ལུང་དང་རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་འཆིང་ཚུལ་མཁྱེན་རབ་རྗེ་དང་དཀོན་མཆོག་ལྷུན་གྲུབ་གཉིས་ཀྱི་ལམ་འབྲས་ཀྱི་འཁྲིད། ངོར་ཆེན་དང་རྡོ་རྗེ་གདན་པ་གཉིས་ཀྱི་ཀྱེ་རྡོར་གྱི་བསྐྱེད་རིམ་རྣམ་བཤད། བླ་མ་དམ་པའི་ཕུར་པའི་སྐོར། སྤྱན་རས་གཟིགས་ཚེམ་བུ་ལུགས་དམར་འཁྲིད་ཀྱི་ཡི་གེ །འདུལ་བ་མེ་ཏོག་འཕྲེང་རྒྱུས་སོགས་ཞིབ་རྒྱས་ཞུས། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བརྩམས་ཏེ་ཁྱབ་བདག་ཞ་ལུ་པ་ཆེན་པོས་དགོས་ཚུལ་ཕེབས་པའི་ཞར་ལ་ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ཉི་ཤུ་སྐོར་ལ་གཡུ་ཐོག་སྙིང་ཐིག་གི་དབང་བཞི། ཚེ་དབང༌། ལུང་ཡོངས་རྫོགས། རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་ལུང་དང་ཕྱག་འཁྲིད་ཕུལ། སློབ་དཔོན་བཻ་རོ་ཙ་ནའི་སྐུའི་རྣམ་སྤྲུལ་རིག་འཛིན་གཏེར་བདག་གླིང་པར་ཆོས་རྒྱལ་རཏྣ་གླིང་པའི་དྲག་དམར་ཡོངས་རྫོགས་དང་གཏེར་གསར་གྱི་སྐོར་གསན། གཏེར་སྟོན་རིན་པོ་ཆེར་མཁའ་སྤྱོད་མའི་བྱིན་རླབས་དང་ཉམས་འཁྲིད་འབུལ་བ་གནང༌། ཧོར་ཟླ་བདུན་པའི་ནང་དུ་གཙང་ཕྱོགས་ལ་ཐེགས་ཞ་ལུར་ཞག་གཉིས་གསུམ་ཞིག་སྐུ་ངལ་གསོས་ནས་དཔལ་ལྡན་ས་སྐྱར་ཕེབས། ངེད་ལ་བསྐུལ་མ་གནང་བའི་བརྟན་བཞུགས་ཚིགས་བཅད་ལེ་ཚན་དང་བཅས་བདག་ཆེན་ཡབ་སྲས་གཉིས་ཀར་བརྟན་བཞུགས་རྒྱས་པ་དང་དཀར་པོ་རྒྱང་གྲགས་བུས་པའི་ཚོགས་ཆེན་ལ་མང་ཇ་ཞུ་བ་གནང༌། དབང་རྗེས་གནང་སོགས་ཆོས་མང་དུ་གསན་ཞིང་དེ་མཚུངས་ཕར་ཡང་འབུལ་བ་མཛད། རིམ་བཞིན་བསྟི་གནས་སུ་ཕེབས་བྱམས་པའི་