R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༩༥
[A:༩༥] ཚེ་དཔག་མེད་དངས་མ་བཅུད་འདྲེན་གྱི་དབང་དང་ཐང་ལྷའི་རིག་གཏད་གཏེར་སྟོན་རིན་པོ་ཆེ་དང་ལྷན་དུ་ཕུལ། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་དྲུག་ཅུ་པ་ལྕགས་མཁར་དགུ་པའི་ལུང་ཕྱག་ལེན་ཞིབ་འཁྲིད། དེས་མཛད་པའི་དྲག་པོའི་སྦྱིན་སྲེག་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལྷག་བསམ་རབ་དཀར་གྱི་དྲི་ལན་རྣམས་ཀྱི་ལུང་ཞུས། ངེད་རང་དང་སྡེ་པ་ཕྱོགས་མཐུན་དུ་ཚེ་མཐའ་ཡས་པའི་ཆོ་ག་ལ་བརྟེན་ནས་རིང་འཚོའི་རྟེན་འབྱུང་མཛད། སྐུའི་འཕྲོད་བསྟེན་དུ་འོལ་དགའི་ཆབ་ཚན་ལ་ཕེབས་པའི་དགོས་ཆ་རྣམས་གྲ་བསྒྲིགས། ཆབ་ཚན་སྐུ་ལ་ཤིན་ཏུ་འཇུག་པའི་ཞར་བྱུང་རྫིང་ཕྱིའི་བྱམས་པ་མཇལ་བ་གནང་ནས་ཚུར་ཕེབས་པ་དང་སྡེ་པ་ཤིན་ཏུ་བསྙུན་པ་གཉིས་འགྲིག་པར་བྱང་གཏེར་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ་སྩལ་བ་བྱིན་རླབས་ཀྱི་རྟེན་འབྲེལ་འགྲིག །དགུན་དཔྱིད་ཀྱི་རིང་དཔལ་གྲོ་གཞིས་ཀར་སྟན་ཆགས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཆོས་རྗེ་བཅོ་བརྒྱད་པ། གཏེར་སྟོན་རིག་འཛིན་ཆེན་པོ་རྣམས་ལ་ཚེ་དབང་གི་རིམ་པ་གསན། དེ་ཕྱིན་སྐུ་མཚམས་ངོས་འཇིགས་བྱེད་རྭ་ལུགས་ཀྱི་སྒྲུབ་མཆོད་དང་ཐུན་བར་ཚོར་དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་གྱི་ཐུགས་རྩོམ་གནང༌། ཆུ་སྟག་སོ་སོ་ནས་ཆར་ཆུ་ཆེ་བ་བྱུང་ན་གཟིམས་ཁང་ཐད་ཁྱད་ནས་ལྷོ་མོས་སུ་སྤོ་བ་མཛད། ཧོར་ཟླ་བདུན་པའི་ནང་དུ་ཆོས་རྗེ་བཅོ་བརྒྱད་པ། གནས་གསར་དབོན་རིན་པོ་ཆེ། འདར་པ་ཆོས་མཛད་བློ་གསལ་བསྟན་འཛིན་སོགས་དོན་གཉེར་ཅན་འགའ་ཞིག་ལ་བྲག་རྫོང་མ་ཕྱི་ནང་གསང་གསུམ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་གསང་འཁྲིད་མགོན་པོ་ཞལ་གྱི་ཕྱི་ནང་གི་འཁྲིད། རྣམ་སྲས་ལྔ་ཕྲག་ལྔའི་རྗེས་གནང༌། གུར་ཞལ་དང་རྣམ་སྲས་