[A:༩༤]ཚུར་ཞུ་དུ་མ་མཛད། སྔར་ཨེ་ཝཾ་ཆོས་ལྡན་དུ་ཉེས་མེད་ཕུན་ཚོགས་ཟིན་ནའང་ཆོས་རྗེ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་རི་བོང་ཅལ་སྒྲོག་གིས་སྨིག་རྒྱུས་བསླད་པ་སེལ་ཕྱིར་གོང་དཀར་དུ་མཚུངས་མེད་དགེ་བའི་དབང་པོར་ཚར་གཅིག་གསན་མོད་ལྷ་ཁང་ཆེན་མོའི་མཁན་པོར་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་ནས་བརྒྱུད་པ་ཞིག་ཡོད་འདུག་པར་བརྟེན་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་བསྒྲུབ་པ་གནང༌། ཆུ་གླང་ཞ་ལུར་ཕེབས་ཏེ་རིང་ཞིག་ནས་དབུས་སུ་ཆིབས་ཁ་བསྐྱོད་ཚོང་དཔོན་བསོད་ནམས་མགོན་པོ་ལ་སྐོར་གཅིག་གོང་དཀར་དུ་ཕེབས་པ་འགབ་ཚུལ་གྱི་ཡི་གེ་ཕུལ་བ་དཀྱིལ་དུ་འབྱོར་པའི་དབྱར་ཐོག་ཆོས་སྡེར་བཞུགས། ཞག་ཤས་ནས་སྐུ་བད་སོགས་བསྙུན་རོ་སྣ་ཚོགས་ལངས་པའི་འཕྲོད་བསྟེན་གྱི་སྐབས་མཆོད་དཔོན་ངག་དབང་ཤེས་རབ་རྒན་གྲའི་ཆུ་ཚན་ལ་ཕྱིན་པའི་ལམ་ཞོར་ཕྱག་འབུལ་ལ་ཡོངས་སྐབས་ཕེབས་བཞེད་ཡོད་ཚུལ་གྱི་གསུང་གླེང་མཛད་འདུག་པ་ལྟར་འགྱངས་མེད་ཡར་ཕེབས་པ་ལྕགས་ཟམ་དུ་ཞབས་འབམ་ལངས་འཕྲོད་བསྟེན་དུ་དྲུང་འཚོ་བ་སུམ་དགའ་བཏང་བ་སྐུ་ལ་འཕྲོད་ངོ་ཆེ་བར་བྱུང༌། དེ་བར་ལྕགས་ཟམ་རྗེ་དྲུང་ལ་ལྗགས་ལུང་མང་དུ་སྩལ་ཞིང་ཕར་ཡང་པདྨ་བཀའ་ཐང་དང་གྲུབ་ཐོབ་ཆེན་པོའི་རྣམ་ཐར་སོགས་གསན། ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཆུ་བོ་རི་ནས་ཕེབས། ཞག་ཤས་རྫོང་དུ་བཞུགས་གསེར་གྱི་ཁུ་བས་བྲིས་པའི་འཕགས་པ་བརྒྱད་སྟོང་པའི་གླེགས་བམ་ལོ་སྔོན་མ་ཚོ་ཕྱག་མཛོད་བསོད་ནམས་རིན་ཆེན་གྱིས་དོ་དམ་བྱས་གསར་དུ་བཞེངས་པ་ངེད་ལ་སྟེར་བ་གནང་དགེ་བ་བསྔོ་བའི་སྨོན་ལམ་རྩོམས་ཤིག་ཅེས་བཀའ་སྩལ་བའང་བྲིས། ཉང་གི་དྲག་དམར་རྡོ་རྗེ་སྤྱི་བླུགས།