R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༡༠
[A:༢༡༠]བྲང་ཆེན་པོར་གོང་ས་ཡས་ཕྱིན་གྱིམཇལ་ཁ་དང༌། ཆོས་སྡེ་ཆེན་པོར་ངན་སོང་སྦྱོང་བའི་རྩ་བའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་སྟོང་རྩ། ཆོས་སྒྲོགས། དུས་དྲན་གྱི་མཆོད་པ་སོགས་ལུགས་གཉིས་ཀྱི་བགྱི་བ་རིམ་སེལ་དུ་བགྱིས། ༈ ལྕགས་ཕག་ལོར་སྐྱེ་བ་སྔ་མ་རྣམས་སུ་གཞན་ལ་གནོད་པ་བྱས་པ་ཚེ་འདིར་སྨིན་ཏེ་ཟས་ངན་གྱིས་ན་ཚ་ཤིན་ཏུ་ལྗི་བ་ཞིག་བྱུང་བར་འཚོ་བྱེད་དབང་ཕྱུག་གིས་ཟས་ངན་ཡིན་འདྲ་བས་མཆེད་ཟླ་བོས་པ་འགབ་ཟེར་བར། མཛོད་པས་དེ་འཕྲལ་འབོད་མི་བཏང་བས་འབྱོར་པར། འདི་པ་མཁྱེན་དཔྱོད་གཞན་དང་མི་འདྲ་བ་འཇིག་རྟེན་གྱི་མེས་པོ་ལྟ་བུར་སོང་བས། དེ་འཕྲལ་ཕུག་སྐོར་སོགས་ཚ་དྲག་གིས་བཅོས་ཐབས་མཛད་པས་སྐྱུག་འབྱམས་སོགས་ཀྱིས་ཅུང་ཟད་ཕན་གཤིས་རྗེས་སུ་འཆོ་ཐེབས་ཆེ་བ་བྱུང་ཀྱང༌། ངེད་རང་གིས་དེ་རིགས་འོང་བའི་དོན་མེད་བྱས་པར། ལར་མོ་དང་འདི་ཁའི་ཆོས་སྐྱོང་ལ་དྲི་བ་བྱས་པར་ཡིན་གསུང་བས་ཅི་དྲག་ཟེར་བར། དེ་རིགས་འོང་དོན་གཏན་ནས་མེད། ད་དུང་ཡིན་མིན་བསམས་ན་གོང་ས་ཆེན་པོ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པས་གསུང་བརྟག་ཅིག་ཞུས་བྱས་པར། མགྲོན་གཉེར་རིན་ཆེན་ལ་སྐྱབས་འཇུག་ཞུ་རྟེན་ཞོན་རྟས་གཙོས་ཇ་འཁོར་དྲུག་སོགས་ཚན་གྲངས་ཞུ་སམ་བཅས་འབུལ་བར་བཏང་བ་དབུ་མཛད་ཆེན་མོ་བརྒྱུད་སྐུ་ཞབས་སུ་ཕུལ་འཕྲལ་གསུང་བརྟག་བཀའ་དྲིན་བསྐྱངས༌། འདི་རིགས་འོང་དོན་མི་འདུག་ཀྱང་བརྟག་པར་ཡིན་ངེས་བབས་པས། ཐོག་མར་བསྡུ་སྨན་དང༌། འདུས་ནས་རིན་ཆེན་རྟ་རི་མ་སོགས་གཏོང་དགོས་ཚུལ་གསོས་སྨན་ཕོན་ཆེ་ཙམ་སོ་སོར་ཡིག་ཆུང༌། བརྩེ་བ་ཆེན་