R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༠༩
[A:༢༠༩]གཉིས་སུ་མཆོད་འབུལ་དུ་འགྲོ་བའི་བཀོད་པ་བྱས། རྗེ་བཙུན་རྡོ་རིངས་པའི་ཐུགས་དམ་རྟེན་རྡོ་ནག་གི་གུར་མགོན་གྱི་སྐུ་སོགས་ཉེ་གནས་ཀྱིས་བྱིན་བྱུང༌། ལོ་འདིར་ས་དབང་གསེར་གྱི་འཁོར་ལོས་སྒྱུར་བ་བློ་བཟང་མཐུ་སྟོབས་མི་འཇིགས་སེང་གེའི་ཁྲིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་རྒྱལ་སྲིད་དུ་དབང་བསྐུར་བ་གནང་བའི་ལེགས་འབུལ་དུ་ངེད་རང་བླ་ཁག་ལས་ཚན་དང་བཅས་པས་ཡས་ཕྱིན་ཐོ་བཀོད་བཀའ་དྲིན་བསྐྱངས་པ་བཞིན་རྟེན་མཆོད། གསེར་དངུལ། གོས་དར། ཁྲབ་ཇ། ཁྲོ་རྟ་སོགས་འབུལ་དཔངས་མཐོ་བ་དང་བཅས་ཕོ་བྲང་ཆེན་པོར་བཅར་ནས་ལེགས་འབུལ་གྱི་མཇལ་ཁའི་སྐབས་ངེད་རང་ནས་སྒེར་མཇལ་རྒྱས་པར་ཞུས། བརྩེ་བ་ཆེན་པོས་མ་དོར་བའི་གདན་བཟོས་དང་བདག་རྐྱེན་གཞན་དང་མི་འདྲ་བ་བཀའ་དྲིན་བསྐྱངས། རྣམ་པར་རྒྱལ་བའི་ཆོས་གྲར་འབྱོར་ནས་ཀུན་རིག་སྒྲུབ་མཆོད་སྟོང་རྩ་དང༌། རྒྱས་འབྲིང་བསྡུས་གསུམ་སོགས་ཆོས་སྒྲོགས། དུས་དྲན་གྱི་མཆོད་པ་སོགས་གཉིས་ཀྱི་བགྱི་བ་རིམ་སེལ་དུ་བགྱིས་པ་ལགས། ༈ ལྕགས་ཁྱི་ལོར་དབུས་ཕྱོགས་སུ་འབྲུམ་ནད་བྱུང་སྐབས་རྒྱན་མཆོག་གྲུབ་འབྲུམ་ནད་བསྙུན་པར་ཚེ་དབང་རྗེས་གནང་སོགས་དང༌། སྐུ་རིམ་འཕྲོད་བསྟེན་གྲུལ་ཙམ་བྱས་པས་བསྙུན་ལས་གྲོལ། ངེད་རང་གིས་ཚོགས་ཁང་དུ་ཕྱོགས་འདུས་ཀྱི་བླ་ཁག་བཅས་ཚོགས་ཆེན་འདུས་པར་རྡོ་རྗེ་ཕྲེང་བའི་དབང་དང༌། ཕྲེང་བ་སྐོར་གསུམ་གྱི་ལུང་སོགས་སོ་སོའི་ཐུགས་འདོད་ལྟར། མཁའ་འགྲོ་རྒྱ་མཚོ། ལོ་ནག །གསང་འདུས་སོགས་མང་བ་དང༌། རབ་བྱུང་བསྙེན་རྫོགས་དུ་མ་བསྒྲུབས། ཕོ་