R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༡༡
[A:༢༡༡]པོ་ནས་མ་བོར་བའི་རིམ་གྲོ་སོགས་ལེ་དབར་མེད་པ་དགོས་ཚུལ་གྱི་བསླབ་སྟོན། ཕྱག་མདུད། རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང་བཅས་དེ་འཕྲལ་ཚ་དྲག་གིས་སློག་པ་གནང༌། འདི་སྐབས་མཐོང་སྣང་ལ་འཇའ་འོད་ཀྱི་དབུས་སུ་བླ་ཆེན་ས་སྐྱ་པ། འཇའ་འོད་ཀྱི་དགེས་མཛད་རྡོ་རྗེའི་ཕོ་བྲང༌། ལྷའི་བུ་དང་བུ་མོ་དུ་མས་རྒྱལ་མཚན་དང་བ་དན་སོགས་ཀྱི་མཆོད་པའི་བྱེ་བྲག །མཐའ་སྐོར་དུ་དུར་ཁྲོད་ཀྱི་མཆོད་རྟེན་དང༌། ཀེང་རུས། འཇའ་སྤྲིན། ཞིང་སྐྱོང་གི་རིགས་སོགས་མང་བ་ཞིག་མཐོང་སྣང་ལ་ཤར་བ་ནི་ནད་ཀྱིས་སྐྱེ་བ་སྔ་མའི་སྡིག་སྒྲིབ་དག་པ་དང༌། བླ་མ་དང་ལྷས་ཐུགས་རྗེས་གཟིགས་པའི་ལྟས་ཡིན་ནམ་སྙམ་མོ། །སྔོན་ཚེ་གཞན་ལ་གནོད་པའི་ལན་ཆགས་ཀྱིས། །འབྲས་བུ་ནམ་ཡང་བསླུ་མེད་བདེན་པའི་མཐུས། །ཚེ་འདིར་དལ་འབྱོར་ལྡན་པའི་གཡར་ཁང་འདི། །བྷིཥའི་ནད་ཀྱི་ཟུག་རྔུས་མང་ཞིག་མནར། །འདི་དུས་རང་སེམས་ནད་ཀྱིས་བསླད་པའི་མཐུས། །འཁྲུལ་སྣང་སེམས་ཀྱི་འཆར་སྒོར་འདི་ལྟར་མཐོང༌། །ཡིད་འོང་འཆི་མེད་གཞོན་ནུའི་ལམ་ཡངས་འདིར། །འཇའ་ཚོན་སྣ་ལྔའི་གུར་ཁང་ཕུབ་པའི་དབུས། །རྡོ་རྗེ་འཆང་དབང་བླ་ཆེན་ས་སྐྱ་པ། །གཟུགས་སྐུ་འཇའ་འོད་ལས་གྲུབ་ཀྱེ་རྡོ་རྗེ། །གཞན་ཡང་དུར་ཁྲོད་ཀེང་རུས་ལ་སོགས་པའི། །ངོ་མཚར་སྤྲུལ་པའི་ལྟད་མོ་མང་དུ་མཐོང༌། །བསླབ་སྟོན་བཀའ་དྲིན་བསྐྱངས་པ་བཞིན་གསོས་སྨན་ནས་འཚོ་བྱེད་དབང་ཕྱུག་གིས་འཕྲོད་བསྟེན་བྱས་ཤིང༌། རིམ་གྲོ་རྣམས་མཆེད་ཟླའི་ཞབས་ཕྱི་མཛོད་པ་ལྷུན་གྲུབ་ཀྱིས་ཁུར་བླངས་ཀྱིས་མྱུར་བར་བསྒྲུབས་ཤིང༌།