R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༡༢
[A:༢༡༢] ནད་གཡོག་བསོད་ནམས་རིན་ཆེན་གྱིས་ཅག་ཐོན་བྱས་པས་ཞག་བཅུ་སྐོར་ནས་ཚེ་འཐེན་ཙམ་བྱུང༌། ཕོ་བྲང་དུ་བསླབ་སྟོན་ཡང་བསྐྱར་ཞུ་བར་མགྲོན་གཉེར་རིན་ཆེན་ཞུ་ཡིག་བཅས་བཏང་བས་ཤིན་ཏུ་དགེས་ཏེ། འདི་རིགས་ལ་བཤལ་ཞིག་གཏང་དགོས་ཀྱང་འཕེན་ཡུལ་གྱི་ཆུ་མཇུག་གཙང་པོས་བཀག་པས་འགྲིམ་པ་རང་མ་བྱུང་དོགས། ད་ལམ་རེས་རིན་ཆེན་རིལ་བུ་བཏང་བ་འགབ་གནང༌། གཏོང་ལུགས་ཀྱི་བསླབ་སྟོན་ཡིག་ཆུང་དང་རིན་ཆེན་རིལ་བུ་བཅས་སྩལ་བ་འཚོ་བྱེད་དབང་ཕྱུག་གིས་བསླབ་སྟོན་ལྟར་གཏོང་བ་དང༌། འཕྲོད་བསྟེན་ལེ་དབར་མེད་པར་ལུས་བསྒྱུར་དང་ཤི་སྒྲ། རིམ་གྲོ་མང་ཙམ་གནང་བའི་རིམ་གྲོར་མང་ཇ་སྤོམ་ཐག་གི་ཐོག་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་ཚོགས་དབུ་མར་ངེད་རང་གི་སྨོན་ལམ་བཏབ་སྟེ། སྙན་ཤལ་དང་འགན་སྦྱར་དབུལ་བར་བཏང་བས། ལྷའི་ལམ་ནས་འཇའ་དང་མེ་ཏོག་གི་ཆར་བབས་པས་ཚང་མ་དོགས་པའི་ཁར། ཤི་སྒྲ་དང་ལུས་བསྒྱུར་བསླབ་སྟོན་ལྟར་བྱས་པས་རིམ་གྲོར་འགྱུར་ཆེ་བར་བྱུང༌། ཚེ་ཆོག་དང༌། ཀུན་རིག་གི་སྒྲུབ་མཆོད་སྟོང་རྩ། རྣམ་འཇོམས། བུམ་སྒྲུབ་དུ་མ། བཀའ་འགྱུར། རྒྱས་འབྲིང་བསྡུས་གསུམ། བཀའ་གདམས། གཟུངས་འདུས། བསྐལ་བཟང༌། གྲྭ་ཏོག་གསེར་གསུམ། མཚན་འབུམ་སོགས་གྲངས་མང་བ་དང༌། ཚེ་གཟུངས། སྒྲོལ་མ། ཤེར་སྙིང་རྣམས་འབུམ་ཐེར་རེ། ཆོས་སྐྱོང་སོ་སོར་བསྐང་བ་བརྒྱ་རྩ། ལྷ་མོར་བསྐང་བ་བརྒྱ་རྩ་དུ་མ། ཕྱོགས་བཞིའི་གཏོར་མ། འཕེན་ཡུལ་གྱི་དགོན་རྣམས་ལ་མང་སྐོལ། ཟན་གཏོར་འབུམ་ཐེར། སྔགས་པས་བརྒྱ་བཞི། ས་བདག་འཁྲུགས་