[A:༢༡༣]མདོས། གདོང་རྒྱན་ཆུ་མདོས་སོགས་མདོས་རིགས་མང་བ་དང༌། རྫོང་སོགས་རིམ་གྲོ་དང་གང་ཅིར་མཆེད་ཟླའི་ཞབས་ཕྱི་མཛོད་པ་ལྷུན་གྲུབ་ཀྱིས་གཅག་ཐོན་དང༌། ཆོས་སྡེ་ཆེན་པོར་བླ་ཁག་གྲྭ་མང་རྣམས་ཀྱིས་རྟེན་འབྱུང་དང་བསྡུས་ནས་མང་སྐོལ། དགོན་ལག་སོ་སོས་ཀྱང་རྟེན་འབྱུང་དང་རིམ་གྲོ་སོགས་བྱས་ཤིང༌། གཙོ་བོར་གོང་ས་ཆེན་པོའི་བརྩེ་ཀློང་ནས་མ་བོར་བའི་ཐུགས་རྗེས་མ་ཤི་ཙམ་གྱིས་རིམ་བདེ་བྱུང༌། དགོང་ཞིག་རྨི་མལ་དུ་དམྱལ་བའི་ཡུལ་ལྗོངས་སུ་སླེབས་ནས་ལྕགས་བསྲེགས་ཀྱི་ཐང་གི་བྱང་ཕྱོགས་སུ་ལྕགས་ཁང་གི་སྒོ་བཅད་འདུག་པ་བན་གཟུགས་ཤིག་གིས་ཕྱེ་བྱུང་བའི་ནང་དུ་བལྟས་པས། དམྱལ་བའི་སེམས་ཅན་ཉམ་ཐག་པ་ཞིག་ལྕགས་ཐག་གིས་བཏགས་པ་ངེད་རང་ལ་དུངས་པའི་རྣམ་པ་བྱེད་པ་ཞིག་མཐོང་བས་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས། དེ་འཕྲལ་གཉིད་སད། དེ་ནས་བཟུང་ཞག་ཤས་དམྱལ་བ་པ་དེ་ལ་དམིགས་པའི་འོད་ཟེར་གྱི་སྤྲོ་བསྡུ་དང༌། གསོལ་འདེབས་དང༌། བསྔོ་སྨོན་བྱས། མཆེད་ཟླ་སོགས་ཁུར་ལེན་རྣམས་ཀྱིས་འདི་རིགས་ཁྱོད་རང་གིས་ཤེས་ཡོད་པས་གཏོང་མཁན་བཤད་དགོས་ཤིང༌། མི་བཤད་ན་སོ་སོར་ལུང་བསྟན་ཞུ་ཟེར་བར། སྔོན་གྱི་ལན་ཆགས་ལ་ད་དུང་ལེན་བྱས་ན་འཁོར་བའི་རྒྱུ་ལས་མི་འདུག་པས་ལན་མི་བྱེད། མི་ཉན་ན་སྐྱེ་བ་འདི་ལས་ཕྱི་མའང་མི་འཕྲད་བྱས། དོན་ལ་ལན་ཆགས་སོགས་སྡིག་སྒྲིབ་སྦྱོང་བར་བཟོད་པ་དང་རྣ་བའི་དཔེར་གྱུར། ལོ་འདི་ནང་དུ་གོང་ས་སྐྱབས་མགོན་ཆེན་པོ་ནས་བསྟན་འཛིན་དཱ་ལའི་རྒྱལ་པོ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་དུ་དབང་བསྐུར་བ་གནང་བར། ངེད་རང་བླ་ཁག་ལས་