R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༡༤
[A:༢༡༤]ཚན་དང་བཅས་ཀྱིས་ལེགས་འབུལ་སོགས་སྔ་མ་ལྟར་གོང་ལེགས་ཕུལ། གོང་ས་ཆེན་པོ་ནས་ཆོས་ཀྱི་བཀའ་འདྲི་གནང་བར་གང་ཤེས་ཀྱི་ལན་ཕུལ་ཞིང་སྒེར་མཇལ་གྱི་སློག་སོགས་གནང་སྦྱིན་དཔངས་མཐོ་བ་གནང་སྟེ་རང་གནས་སུ་འབྱོར། ཨ་མདོ་ནས་ཆོས་རྗེ་དཔོན་སློབ་གཉིས་བརྒྱ་སྐོར་བྱོན་པར་ལམ་འབྲས་བསྡུས་ཙམ་དང་ཐུགས་འདོད་ཀྱི་ཆོས་རྣམས་ཕུལ་ཞིང༌། ཆོས་སྡེ་ཆེན་པོའི་དུས་མཆོད། གཏོར་གཞི་སྤོ་བ་སོགས་སྔར་རྒྱུན་ལྟར་བསྒྲུབས། ༈ ཆུ་བྱི་ལོར་ལོ་གསར་དང༌། ཚེ་སྒྲུབ་བྱས། ཕོ་བྲང་ཆེན་པོར་ཡས་ཕྱིན་གྱི་མཇལ་ཁར་ཕྱིན་སྐབས་མཁན་རིན་པོ་ཆེ་ཕོ་བྲང་དུ་བཞུགས་པར་གསེར་དངུལ་གྱི་མཎྜལ། ཤེལ། གོས་དར། ཇ། རྟ་སོགས་འབུལ་དཔངས་ཆེ་བ་དང་བཅས་མཇལ་བས། གཟིམས་ཆུང་གི་སྒོ་ནང་དུ་མཇལ་དར་བཅས་བསུ་བ་གནང༌། ཕྱག་རྩེ་སྤྲོད་དང༌། གདན་བཟོས་ཆེ་བའི་ཁར་བཀའ་ནན་ཆེས་པས་བསྡད། ལུགས་གཉིས་ཀྱི་གསུང་གླེང་གནང༌། སང་རྣམ་སྲས་བེ་ཅོན་ཅན་གྱི་རྗེས་གནང་ཞིག་སྩལ་དགོས་ཚུལ་ཞུས་པས། དེ་ཁ་འོང༌། གཅོད་ཁྲིད་ཅིག་ངེད་རང་གིས་འབུལ་དགོས་ཕེབ། ཕྱི་ཉིན་རྣམ་སྲས་རྗེས་གནང་རྒྱས་པར་སྩལ་ཞིང༌། ངེད་རང་ནས་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་དང་གཅོད་ཁྲིད་སྟན་ཐོག་གཅིག་མ་ཕུལ། མགོན་པོ་ཆེ་ཆུང་གི་ཁྲིད་སོགས་བཀའ་ཆོས་མང་ཙམ་དགོས་ཚུལ་ཞུས་པས། གོང་དུ་ཞུས་པ་འགབ་གནང་བ་བཞིན་ཞུས་པས། གོང་ས་ཆེན་པོའི་བསླབ་སྟོན་ལ་མགོན་པོའི་ཆོས་སྐོར་རྣམས་དེ་ཁ་མཛད་ན་ལེགས་པར་འདུག་ཅིང༌། གཞན་མ་ཚར་ལུགས་ཀྱི་དབང༌། ཁྲིད། ལུང་རྣམས་ཀྱི་རྒྱུན་ཇི་ལྟར་ཡོད་ཞིབ་ཏུ་སྩལ་བར། གོང་མ་ཆོས་ཀྱི་སྤྱན་ལྡན་ལས་ཐོབ་པ་