[A:༢༡༥]རྣམས་ཕྱག་ལེན་བཅས་སྙན་འབུལ་ཞུས་པས་ཤིན་ཏུ་དགྱེས་ཏེ། ད་རུང་མ་ཐོབ་པ་རྣམས་ཞྭ་ལུ་མཁན་རིན་པོ་ཆེར་སྐབས་སྦྱར་ཞུས་པ་འགབ་ཅེས་བཀའ་དྲིན་བསྐྱངས་ཤིང༌། ཟུར་ཆས་དང་གནང་སྦྱིན་གྱ་ནོམ་པ་སྩལ། རྣམ་པར་རྒྱལ་བའི་ཆོས་གྲྭར་འབྱོར། འདི་སྐབས་མཚོ་ཁ་ནས་ཨེར་ཁོ་དབོན་པོ་གྲོགས་མཆེད་དཔོན་གཡོག་ཉི་ཤུ་སྐོར་བྱོན་ཏེ། ཚོགས་སུ་མང་ཇ། ངེད་རང་ལ་རྟ་བཞི་བཅུ་སྐོར་དང༌། དར། ཇ། ཟམ་སོ་སོགས་ཀྱི་སྟེར་ཆ་རྒྱས་པར་བྱས། རབ་བྱུང༌། བསྙེན་རྫོགས། དགེ་ཚུལ་དང༌། ཀུན་རིག་གི་དབང༌། མགོན་པོའི་རྗེས་གནང་སོགས་འདོད་སྦྱར་དང༌། བདག་རྐྱེན་གང་ལེགས་སྤྲད་དེ། གོང་ཞབས་ཡས་ཕྱིན་གྱི་མཇལ་ཁ་དང་སེར་འབྲས་སུ་མང་སྐོལ་ལ་བྱོན། ངེད་རང་ནས་ཚོགས་ཆེན་ལ་ལམ་འབྲས་བསྡུས་ཙམ་དང༌། སྦྱོང་དཀྱིལ་བཅུ་གཉིས། སྒྲུབ་ཐབས་རྒྱ་མཚོ་སོགས་ཆོས་ར་བྱས་ཤིང༌། འདི་ལོ་སོག་ཡུལ་ནས་ད་རྒན་ཆོས་རྗེས་ཁོང་རང་སྐུ་ན་བགྲེས་པས། ཞབས་ཕྱི་དགའ་བ་གཅིག་བཅས་འབུལ་སྡུད་ལ་བོད་པ་ཁ་ཤས་བཏང་ན་འོང་ཚུལ་བྱུང་བ་བཞིན་གོང་ས་ཆེན་པོ་ཡས་ཕྱིན་ལ་སྙན་འབུལ་ཞུས་པར། གཞན་མ་སོག་ཡུལ་དུ་འགྲོ་ས་མེད་པ་དེ་བཞིན་ཡིན་ཀྱང༌། ཆོས་རྗེ་རང་གཞན་དང་མི་འདྲ་བ་དང༌། དེ་སྔོན་བཅོ་བརྒྱད་རང་གི་འགྲོ་སྲོལ་ཡོད་འདུག་པ་བཅས་བཅུ་ཙམ་ལས་མང་བ་མ་བཏང་ཕྱིན་དེ་ཁས་འཐུས་ཞེས་བསླབ་སྟོན་བཀའ་དྲིན་བསྐྱངས་བྱུང་བ་ནས། གསུང་རབ་དབང་གི་སར་བླ་མ་དམ་ཆོས་དང༌། རོགས་བླ་མ་བསོད་ནམས་དར་རྒྱས། རྒྱལ་པོ་དགེ་འདུན་