[A:༢༡༦]སྐྱབས་སྤེལ་སའི་སར་བླ་མ་བསོད་ནམས་དཔལ་བཟང་བཅས་གསུམ་རྫོང་བདའ་བྱས་པར། རྟ་ཁལ། གོས་ཟས། ཆ་ལག་སོགས་བསྒྲིགས་ཏེ་གཏོང་རྩིས་བཀོད་པ་ལྟར་མཆེད་ཟླས་བསྒྲུབས་སོང༌། ནད་རོ་ལངས་པར་གོང་ས་ཆེན་པོ་ནས་གསོས་སྨན་བཀའ་དྲིན་བསྐྱངས། འཚོ་མཛད་དབང་ཕྱུག་གིས་འཕྲོད་བསྟེན་དང༌། རིམ་གྲོར་ཀུན་རིག་སྟོང་རྩ་དང༌། བཀའ་འགྱུར་ཚེས་སྒྲོགས། བསྐང་བ། གཏོར་ཆེན་རྫོང་བ་སོགས་མཆེད་ཟླ་དང་མཛོད་པ་ལྷུན་གྲུབ་ཀྱིས་བསྒྲུབས། ནད་གཡོག་བསོད་ནམས་རིན་ཆེན་གྱིས་བྱས་པ་སོགས་ཚང་མས་ཅག་ཐོན་བྱས་པས་ནད་རོ་ལངས་པ་སངས། དགེ་སློང་ཕྲིན་ལས་བཟང་པོ་གྲོངས་པར་ཐོས་པའི་ནུབ་རྨི་ལམ་དུ་དམྱལ་བའི་ཡུལ་ལྗོངས་སུ་སླེབས། ཐང་ཆེན་པོ་ཞིག་གི་དཀྱིལ་ན་ཁྲག་གི་གཙང་པོ་དམར་ན་ར་ར་འགྲོ་བའི་དཀྱིལ་དུ་ཟམ་པ་ཞིག་འདུག་པའི་སྟེང་འདམ་རྫབ་ཀྱིས་ཁེངས་པར་ལྷྭམ་ནུབ་བཞིན་དུ་ཕྱིན་པས། ཟམ་པའི་དཀྱིལ་ཙམ་ནས་བལྟས་པས་ཟམ་འོག་ཆུ་ནང་ཐམས་ཅད་དམྱལ་བའི་སེམས་ཅན་སྡུག་བསྔལ་ཅན་གྱིས་ཁེངས་ནས་ངུད་མོའི་སྒྲ་དི་རི་རི་བྱེད་འདུག་པས་ལུས་རྩེ་ཟིང་ངེ་བ་དང༌། སྙིང་རྗེ་བཟོད་བླག་མེད་པ་སྐྱེས། གྲོགས་གཉིས་གསུམ་ཙམ་དང་བཅས་ཕྱིར་ལོག་པ་ན་གཉིད་སད། དེ་ནས་བཟུང་ཞག་ཤས་དེ་ལ་དམིགས་ནས་འོད་ཟེར་སྤྲོ་བསྡུ། གསོལ་འདེབས་དང༌། བསྔོ་བ་བྱས། ཡང་ནུབ་གཅིག་རྨི་ལམ་དུ་ཡི་དྭགས་ཀྱི་གྲོང་ཁྱེར་ཟངས་ཁོག་ལྟ་བུ་དམར་ཧང་ངེ་བ་ཞིག་ཏུ་སླེབས། མི་དགའ་བཞིན་བལྟས་པས་ཕུག་ལྟ་བུའི་ནང་ན་སེམས་