[A:༢༡༧]ཅན་སྐྲ་གཡའ་ཞིང་ལུས་གོགས་པོ་ཉམ་ཐག་པ་དུ་མ་འདུག་པ། འགའ་ཞིག་མདུན་དུ་འོང་བ་མཐོང་བས་སྙིང་རྗེ་ཚད་མེད་པ་སྐྱེས་ཤིང་ཅི་དྲག་ཏུ་གྱུར་པ་ན་གཉིད་སད། གསོལ་འདེབས་དང༌། བསྔོ་སྨོན་བྱས། དམྱལ་བ་དང་ཡི་དྭགས་ཀྱི་ཡུལ་དུ་ཡང་ཡང་འགྲོ་བ་ཞིག་རྨིས་འདུག་པ་ནི་མཽངྒལ་གྱི་བུ་ཆེན་པོའི་མ་དམྱལ་བར་ཞེན་ཆགས་བྱེད་པ་ལྟར་ངན་སོང་དུ་ཞེན་ཆགས་ཆེས་པས་ད་དུང་ལོག་འདོད་པ་འདྲ། ཆོས་སྡེ་ཆེན་པོའི་དུས་དྲན་མཆོད་པ་སོགས་ལུགས་གཉིས་ཀྱི་བགྱི་བ་སྔར་རྒྱུན་ལྟར་བསྒྲུབས། ༈ ཆུ་གླང་ལོར་ལོ་གསར་དང་ཚེ་སྒྲུབ་བྱས། ཆོས་རྗེ་དཔོན་སློབ་སོགས་འགྲུལ་པ་རྣམས་རང་གནས་སུ་འབྱོར་ཁར་ཆོས་དང་བདག་རྐྱེན་ཐུགས་འདོད་ལྟར་བསྒྲུབས། སྒོམ་སྡེ་ནས་རིམ་གཉིས་གཡོ་མེད་ཏི་ཚ་བླ་མ་ཁུ་དབོན་དཔོན་སློབ་རྣམས་དང༌། ཝ་ཞུར་ནས་མཁྱེན་རབ་དབང་ཕྱུག །འབུལ་དཔོན་བླ་མ་བསོད་ནམས་དཔོན་གཡོག་མང་བ་འབྱོར་ཞིང༌། ཚོགས་ཆེན་དུ་མང་འགྱེད་དང༌། ངེད་རང་ལ་ཁྲབ་ལེགས་པ། རྟ་ཇ། མཛོ་གཡག་སོགས་ཀྱི་སྟེར་སྦྱིན་མཛད། ལུགས་གཉིས་ཀྱི་བདག་རྐྱེན་རྒྱས་པར་སྤྲད་དེ་གཙང་དུ་ཕེབ། ནད་རོས་འཚེ་བར་མཆེད་ཟླ་མགོན་པོ་རབ་བརྟན་རོགས་ལ་ཕེབ་སྟེ། མཛོད་པ་དང་གཉིས་ཀྱིས་གོང་སར་གསུང་བརྟག་ཞུས་པའི་ཆོ་ག །ཆོས་སྒྲོགས། ཚེ་གཟུངས་འབུམ་ཐེར། ཤེར་སྙིང་ཁྲི་ཟློག་རྣམས་བསྒྲུབས་ཤིང༌། འཚོ་མཛད་དབང་ཕྱུག་ཡབ་སྲས་ཀྱིས་འཕྲོད་བསྟེན་བྱས་པས་ངེད་རང་དྲག་ཏུ་སོང་སྐབས་མཆེད་ཟླ་གློ་བུར་དུ་གློ་ཚད་ཤིན་ཏུ་ཉེན་པ་ཞིག་བསྙུན་པར་འཕྲོད་བསྟེན་དང༌། ཆོས་སྐྱོང་ཁག་གི་ལུང་བསྟན་ཞུ་བར།